ཀྲུང་གོ་བོད་ཀྱི་དྲ་བ།

བསྟན་འཛིན། རང་ཅག་འཚོ་གནས་ཀྱི་ཆེད་དུ་སེམས་པ་བཟང་པོ་གནང་དགོས།

  རྩོམ་པ་པོ། : རྩོམ་མཁན་བསྟན་འཛིན།ཨུ་རྒྱན་གྱིས་བསྒྱུར   སྤེལ་དུས། : 2019-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

   གོ་ལ་ཟླུམ་པོའི་ཐོག་ཚེ་སྲོག་ཐོག་མ་འཕོས་པ་ནས་ད་བར་མི་ལོ་དུང་ཕྱུར་38ཟིན་ཡོད། ལོ་ངོ་དུང་ཕྱུར་4ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་འགྲོ་བ་མི་ནི་སའི་གོ་ལའི་ཐོག་ཆེས་སྒྱུར་བཀོད་དབང་ཡོད་ཀྱི་སྲོག་ཆགས་དེ་ཆགས་ཡོད། ལོ་ངོ་སྟོང་ཕྲག་ཙམ་གྱི་དུས་ཡུན་ནང་ཁོ་ཚོས་ཕྱུགས་འཚོ་བ་དང་རྨོས་འདེབས་ལ་བརྟེན་ཅིང་། སའི་གོ་ལའི་སྐམ་སའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་གྲོང་ཁྱེར་ཁོ་ནས་ཟིན་ལ། སའི་གོ་ལ་འདི་ཉིད་ས་བརྐོ་རྡོ་སློག་དང་བྲུས་བཅད་གཏུབ་གསུམ་དུ་བཏང་བ་དང་ནགས་ཚལ་འབོར་ཆེན་བཅད་འགྱེལ་བྱས་པས། ས་སྤུས་བྱེ་འགྱུར་དང་ཆུ་དང་གཙང་པོར་བཙོག་སྐྱོན་ཕོག་ཅིང་སྐྱེ་འགྲོ་གྲངས་ལས་འདས་པ་རྩ་སྟོངས་སུ་གྱུར་ཡོད། སའི་གོ་ལའི་ཐོག་སྲོག་ཆགས་མི་ལས་དབང་ནུས་སྟོབས་ཤུགས་ཆེ་བ་གཞན་ཞིག་ཡོད་པའི་དབང་དུ་བཏང་ན། དེས་མིའི་རིགས་ནི་སའི་གོ་ལ་ནས་རྒྱང་དུ་སྤྱུགས་རྒྱུ་སྨྲོས་མེད་ཡིན།

འགྲོ་བ་མི་ནི་རང་བྱུང་ཁམས་ཆེན་མོའི་མངལ་ལས་སྦྲུམ་པ་གང་ཞིག་དེ་ལ་ཐིམ་འགྲོ་ཞིང་། སའི་གོ་ལའི་ཐོག་གི་སྲོག་ཆགས་ཡོད་རྒུ་རང་བྱུང་ཁམས་ཆེན་མོའི་བུ་ཕྲུག་ཡིན། སའི་གོ་ལའི་ཐོག་འགྲོ་བ་མི་དང་དབུགས་ཐོགས་གཞན་ཕན་ཚུན་ཟླ་གྲོགས་ཀྱི་ཚུལ་དུ་མཉམ་པོར་འཚོ་ཞིང་རོལ་ལ། མཐོ་རིམ་སྲོག་ཆགས་ཡིན་པའི་མིས་ཚེ་སྲོག་གཞན་པར་བརྩི་ཞིང་བཀུར་དགོས། དེས་ན་འདིར་ཚེ་སྲོག་ནི་ཅི་ཞིག་ཡིན་ནམ་ཟེར་ན། འདྲིས་ཆ་ཡོད་པའི་བརྗོད་གཞི་འདིའི་ཐད། ཚན་རིག་མཁས་པ་ཡིན་ནའང་འདྲ། མིའི་རིགས་རིག་པའི་དྲན་དབང་ངམ། མཚན་ཉིད་རིག་པ་སྨྲ་མཁན་སུ་ཞིག་ཡིན་རུང་། དེ་དག་ཀུན་ལ་ཐུན་མོང་གི་ལྟ་ཚུལ་ཞིག་མེད། འོན་ཀྱང་ཁོ་ཚོར་ངོས་ཟིན་གཅིག་འགྱུར་བ་ཞིག་མངའ་བ་ནི། ཚེ་སྲོག་ལས་རྩ་ཆེ་བ་གཞན་གང་ཡང་མེད་པ་དེའོ།། ཚེ་སྲོག་ནི་སྲོག་ཆགས་ཐམས་ཅད་ཀྱི་གནས་པའི་ཚོར་བ་དང་སླར་ཡང་སྐྱེ་བའི་ནུས་སྟོབས་ཡིན་ཞིང་། འཕེལ་འགྱུར་དང་རྒྱུད་སྤེལ། གསར་འབྱེད། སྙོམས་གསོ་དང་ཚོར་ཤེས། དེ་མིན་ཁྱུ་གཅིག་ཏུ་བསྡུས་པ་དང་ཁ་བྲལ་ཏེ་འཐོར་བ་སོགས་དེ་དག་ནི་ཚེ་སྲོག་ཀུན་ལ་གདོད་ནས་མངའ་བའི་ལྷན་སྐྱེས་ཀྱི་ཆོས་སུ་གྲུབ་ཡོད། མིའི་རིགས་ཀྱིས་སྲོག་ཆགས་གཞན་གྱི་གདོད་མའི་འཚོ་གནས་ཀྱི་གནས་བབ་ལ་ཕོག་ཐུག་དང་། བཙན་དབང་། ཧམ་འཕྲོག་བྱེད་པའི་སྤྱོད་ཚུལ་དེ་ནི། ཐོག་མར་གྲོང་ཁྱེར་ནང་དུ་སྲོག་ཆགས་ར་བ་བཙུགས་ཤིང་། རྒྱུན་ཆད་མེད་པར་སྲོག་ཆགས་རྩ་ཆེའི་རིགས་འདྲ་མིན་སྤྱི་གླིང་གི་ར་སྐོར་བཙན་པོའི་ནང་བཅུག་པ་དང་། རང་དབང་དང་རང་གཅེས་མངའ་བའི་སྲོག་ཆགས་རྣམས་དྲ་བའི་གཟེབ་ཏུ་བཙུད་དེ་མི་རྣམས་ཀྱིས་ལྟད་མོ་ལྟ་བ་དང་ཐ་ན་སྡུག་རྩེད་རྩེ། དེ་དག་སྒོ་ར་ཆུང་ངུའམ་སྤྱི་གླིང་གཞི་རྒྱ་ཆུང་ངུ་དེའི་གཟེབ་ནང་གནས་པས། དེ་སྔ་ཅི་འདྲའི་རྩུབ་ཅིང་རྒོད་ལ་ཚོར་བ་སྐྱེན་པ། གཏུམ་ཞིང་རྔམ་ལ་འཇིགས་ཞུམ་བྲལ་བ། གྲང་ངར་བཟོད་ཅིང་ལུས་ཤེད་བཟང་བ་ཞིག་ཡིན་རུང་། ག་ལེར་རྒྱུད་རྒྱུ་ཉམས་ཤིང་ལུས་ཟུངས་ཤོར། མཐར་རང་གི་ངོ་བོ་བརླགས་པར་གྱུར་འགྲོ སྤྱི་གླིང་ནང་དུ། ང་ཚོས་ནམ་རྒྱུན་དོམ་གྱི་ཞུ་བ་ཕུལ་ནས་ཟ་བཏུང་སློང་བ་དང། སྤྱང་ཀིས་མཇུག་མ་གཡུག་བཞིན་ལྟོ་ལ་རེ། སྟག་དང་གཟིག་གིས་བཙོག་པུར་ལངས་ནས་ཤ་ཟན་ལ་རེ་བའི་ཚུལ་དེ་མཐོང་དང་མཐོང་བཞིན་ཡོད། ཁྲོམ་སྲང་ལྟར་འཁྲུག་ཆ་དོད་པའི་སྲོག་ཆགས་ར་བ་ནི། མི་ཚོགས་ཀྱི་ལྟ་སྣང་དོད་པའི་འདུ་ར་ཡིན་ལ་མིའི་རིགས་ཀྱིས་ཚེ་སྲོག་ལ་རྡོག་རོལ་གཏོང་བའི་སྐྱོ་གར་གྱི་སྟེགས་བུ་ཡང་ངོ་།།

ཕྲན་བོད་དུ་ཡོད་དུས་ཤིག་ལ་ཟི་ཁྲོན་གྲེང་ཏུའུ་ཡི་སྲོག་ཆགས་ར་བ་ཞིག་གིས་གངས་ལྗོངས་ས་མཐོའི་འབྲི་གཡག་རྔམ་སྟོན་བྱ་ཆེད། བོད་ལྗོངས་ནག་ཆུ་ནས་འབྲོང་3ཟིན་ནས་གྲང་ཏུའུ་རུ་དབོར་བ་རེད། མཚོ་འཕགས་རྨི་4000ལྷག་ཟིན་པའི་གྲང་ངར་ཆེ་བའི་མཐོ་སྒང་ནས་ཚ་བས་དུབ་པའི་ཀླུང་ཐང་ཐོག་སླེབས་པ་དང་། རི་སྐྱེས་རྩྭ་ཟན་ནས་སྡོམ་གསོས་འཚོ་སྐྱོང་ལ་འགྱུར་བའི་ཚེ། ང་ཚོས་ཚེ་སྲོག་གི་ཉམས་རྒུད་དེ་བསམ་ཚོད་ཐུབ་པ་ཞིག་གོ ། ལོ་2ཀྱི་རྗེས་ལ་འབྲོང་གསུམ་གྱི་མགོ་རུས་དང་པགས་པ་དེ་དག་ལྷ་སར་བསྐྱལ་ནས་མ་དཔེ་བཟོས་པ་རེད། སྲོག་ཆགས་ར་བ་མི་ཉུང་བ་ཞིག་གི་ནང་དུ་དོམ་ནག་གིས་སྤོ་ལོ་རྩེད་བ་དང་། སྤྲེའུ་ལྕགས་སྐུད་ཐོག་འགྲོ་བ། བྱ་བྱིའུ་འཕུར་ཀྱིན་དུ་དངུལ་སྒྲུག་པ་སོགས་ཀྱི་རི་སྐྱེས་སྲོག་ཆགས་འཁྲབ་སྟོན་བྱེད་དུ་བཅུག་ནས་ཡུལ་སྐོར་བས་དོ་སྣང་བྱེད་པ་རྒྱུན་དུ་མཐོང་རྒྱུ་ཡོད། མིའི་རིགས་ཀྱི་ཐལ་དྲགས་པའི་རང་རློམ་གྱིས་རང་གི་གྲོགས་པོར་མཐོང་ཆུང་བྱེད་ཅིང་། རང་བྱུང་ཁམས་སུ་བག་ཀྱིས་འཚོ་ཞིང་གནས་པའི་རི་སྐྱེས་སྲོག་ཆགས་གསོན་པའི་ཕྱིའི་རྣམ་པར་སྐོར་གཡེང་དང་ཚན་རིག་ཞིབ་འཇུག་བྱེད། ཤི་རྗེས་ནང་ཁྲོལ་དེ་ཟས་སུ་བྱེད་པ་དང་རུས་པགས་དེ་དག་མ་དཔེ་བྱེད་ཅིང་། དེས་སྲོག་ཆགས་རྣམས་རང་དབང་བྲལ་ཏེ་མིས་རང་སྣང་གང་འདོད་དུ་གཅུན་སྡོམས་དང་འཛིན་བཟུང་། བསད་རྨས་གཡོང་བའི་ཚོད་འཛིན་ལས་ཐར་ཐུབ་ཀྱིན་མེད།

སྤྲེའུའི་ཀླད་པ་རྗེན་པར་ཟ་བ་དང་། སྡིག་སྲིན་གསོན་པ་རླངས་བཙོས་རྒྱག་པ། ལྕགས་ལེབ་ཚ་པོའི་སྟེང་ཉ་བསྲེགས་པ། ཤ་སྨི་འབྲུག་འབྱིབས་མ་མེར་བསྲེགས་པ། ད་དུང་བྲོ་ཞིམ་རིགས་བཞིར་འབོད་པའི་ཉ་གཤོག་དང་ངང་པའི་མཆིན་པ། དོམ་གྱི་སུག་མཐིལ། ཤྭ་ཕྲུག་སོགས་སྐད་ཅིག་རིང་ཞིམ་ཟས་རྫིག་པོ་བཤམས་པའི་སྒྲོག་ཙེའི་སྟེང་མིའི་གདུག་རྩུབ་ཀྱིས་སྲོག་ཆགས་དག་སྟོང་ཟད་དུ་བཏང་དང་གཏོང་བཞིན་ཡོད་དེ། དེའི་ཁུག་ཏུ་མངོན་མེད་དུ་གནས་པའི་ཁྲག་དྲི་བྲོ་ཞིང་གདུག་རྩུབ་ཆེ་བའི་དོན་དངོས་ཀྱི་གནས་ཚུལ་དམར་རྗེན་དེ་དག་ནི་ཅི་འདྲའི་འཇིགས་སྣང་བཟོད་དུ་མེད་པ་ཞིག་རེད་ཨང་། ཉེ་ཆར་ངས་ཡའོ་མིང་གིས་མགྲིན་ཚབ་པ་བྱས་པའི་ཉ་གཤོག་ཟ་བར་ངོ་རྒོལ་བྱེད་པའི་སྤྱི་ཕན་བརྡ་ཁྱབ་ཅིག་མཐོང་སོང་། དེ་མཐོང་བ་དང་གནོང་འགྱོད་སྐྱེ་ཞིང་སྡིག་ཉེས་བསགས་པ་ཚོར་ཡོང་། རྒྱ་ཆེ་བའི་ཁྲོམ་རའི་དགོས་མཁོ་དང་ཁེ་དཔོག་མཐོ་པོའི་སླུ་བྲིད་ཐེབས་པའི་དབང་གིས། ཉ་པ་ཚོས་རྒྱ་མཚོའི་ཀློང་ནས་ཉ་ཆེན་གཏུམ་པ་གསོན་པོར་ཟིན་ཏེ་རྣོ་ངར་ཅན་གྱིས་གྲིས་ཉ་གཤོག་བཅོད་ཅིང་། དེ་ཡང་རྒྱབ་གཤོག་ནས་རིམ་པས་བྲང་གཤོག་དང་རྔ་གཤོག་བཅོད། ཐ་ན་སྐབས་རེ་གཏུམ་ཉའི་ཁོག་པའི་ནང་གི་ནང་ཁྲོལ་ཡང་ཐར་པར་མི་གཏོང་། ལུས་པོ་གསོན་པར་ཡན་ལག་བཀོག་པ་དང་རྩ་ཆེའི་ཉ་གཤོག་བཅད་རྗེས། རྒྱ་མཚོའི་ནང་དུ་ཚེ་སྲོག་གི་ནུས་སྟོབས་ཆེས་བཟང་བའི་གཏུམ་ཉ་ནི་དབུགས་རྒྱུན་ཡོངས་སུ་ཆད་མེད་པར། དེ་རྒྱ་མཚོའི་ཀློང་དུ་གཡུགས་ཤིང་ཁྲག་མདོག་གིས་རྒྱ་མཚོ་དམར་ཆིལ་ཆིལ་དུ་གཡོས་འགྲོ ཁྲག་གི་བཞུར་རྒྱུན་ཆད་མེད་ངང་མཐའ་མའི་ཁྲག་ཐིགས་གཅིག་དེ་ཡང་མ་ཟད་བར་དུ་ཚེ་སྲོག་ནི་ད་དུང་མཚོ་ནང་དུ་འགུལ་བསྐྱོད་བྱེད་ཀྱིན་མཆིས། དེ་ལྟར་ལྟོགས་ཤི་ཐེབས་པའམ་ཉ་རིགས་གཞན་གྱི་ཟས་སུ་བྱེད་ཀྱིན་ཡོད། ཡང་ཁ་ལ་འཕྲོད་ཅིང་འཇུ་བདེ་བ། གོང་ཚད་ཧ་ཅང་མཐོ་པོས་ནང་འདྲེན་བྱས་ཡོང་པའི་རིམ་པ་མཐོ་གྲས་ཀྱི་ངང་པའི་མཆིན་པ་ནི། ངང་ཕྲུག་ལྕགས་གཟེབ་ཏུ་བཅུག་པ་དང་། ལྕགས་གཟེབ་ནང་ནས་ངང་པའི་སྐེ་མ་གཏོགས་ཕྱིར་མི་ཐར་བ་ཞིག་བཟོས་རྗེས། གཟུགས་གཞི་དེ་མཇིང་པའི་ཤ་ཤེད་གསོ་བའི་ལྕགས་གཟེབ་ཏུ་བཅུག་པ་དང་། ངང་པའི་ཕོ་བའི་གཤོངས་ཚད་ཁུག་མ་ལྟར་ཆེན་པོ་ཆགས་ཆེད། ཉིན་ལྟར་ལྟོ་སྟེར་ཚད་ཁ་སྣོན་རྒྱབ་ནས། གཟའ་འཁོར་10གཡས་གཡོན་འགོར་རྗེས། ངང་པའི་མཇིང་པ་དང་ཕོ་རྒྱུ་ཚང་མ་རྡོ་ལས་སྲ་བ་ཆགས་ཀྱི་ཡོད། དེ་ནས་ཉིན་ལྟར་སྔ་དགོང་ཉིན་གསུམ་པོར་ཐེངས་གསུམ་ཀར་རིང་ཚད་ལི་རྨི་30ལྷག་ཡོད་པའི་ལྕགས་སྦུག་ཅིག་མགྲིན་པའི་ཁོག་ཏུ་བཙན་གྱིས་རྒྱུས་ཏེ་སྤྱི་རྒྱ་10ཡི་འཐུང་བྱ་འདྲེས་མ་ངང་པའི་ཕོ་བའི་ནང་དུ་ལྡུགས་པར་བྱེད། དེ་ལྟར་ཉིན་18ཟིན་རྗེས། ངང་པ་སྤྱིར་བཏང་གི་མཆིན་པ་ལས་ལྡབ་10ཡི་ཆེ་བའི་མཆིན་ཚིལ་ཞིག་གསོ་ཚགས་བྱས་ཏེ་ཐོན་སྐྱེད་བྱེད་པ་རེད། རིན་གོང་དམའ་བའི་ངང་པའི་མཆིན་པ་ནི་འཕྲོ་བརླག་སོང་བའི་མཆིན་པའི་ཐོག་བྲོ་རྫས་སྨན་སྣ་མི་ཉུང་བ་ཞིག་བརྒྱབ་ནས་དེ་ཞིབ་མོར་གཏུབ་པ་དང་ངང་པའི་མཆིན་པ་ཞིབ་བསྙལ་ཆགས་པ་རེད། དེའི་རིང་ངང་པ་ཉིན་གང་པོར་འགུལ་འགུལ་བྱེད་མི་ཐུབ་ཅིང་། ཁ་དང་མགྲིན་པར་རྨས་སྐྱོན་ཕོག་ཏེ་ཉིན་ལྟར་ཕོ་བའི་ཟུག་གཟེར་གྱིས་མནར་ཀྱིན་ཡོད།

འགྲོ་བ་མིས་རང་གི་འཚོ་གནས་ཀྱི་འདོད་པ་སྐོང་ཆེད། རང་བས་ཉམ་ཆུང་བའི་སྲོག་ཆགས་དང་སྒོ་ཕྱུགས་ཟས་སུ་བྱེད་ལ། དེ་ནི་བཟའ་བཅའི་བརྒྱུད་རིམ་ཞིག་དང་རོ་འཛིན་གྱི་མྱོང་བྱ་དང་འཚོ་བཅུད་ལྡན་པར་བྱེད་ཅིང་། གཞན་ཡང་འཚོ་བ་ཡི་དགོས་མཁོ་མེད་ན་མི་ཆོག་པ་ཞིག་ཀྱང་ཡིན། འོན་ཀྱང་། ཐལ་དྲགས་པ་དང་མ་རུངས་པའི་ཐབས་ཀྱི་སྒོ་ནས་རང་གི་སྐད་ཅིག་གི་ལོངས་སྤྱོད་ལ་རོལ་པ་ནི་ཡིད་སྐྱོ་དགོས་པ་ཞིག་གོ ། ཚན་རིག་མཁན་པོས་བླང་དོར་འབྱེད་པ་ལྟར་ན། མཚོ་ཕག་གི་རིག་པ་ནི་སྲོག་ཆགས་ཁྲོད་མི་ལས་ཞན་པ་ཙམ་ཡིན་ཞིང་། མཚོ་ཕག་དང་འབྲེལ་ཡོད་ཀྱི་བྱིས་སྒྲུང་ལ་ང་ཚོ་འགྲོ་བ་མིས་ཆ་རྒྱུས་ཟབ་མོ་ཡོད་ཅིང་། དེ་ནི་སེམས་བཟང་དང་སྙིང་རྗེས་ཕྱུག་ཅིང་འགྲོ་བ་མི་ལ་འགྲོགས་འདྲིས་ཟབ་པ་ཞིག་ཡིན། ཉིན་གཅིག་ང་རང་ས་ཆ་ག་གེ་མོའི་རྒྱ་མཚོའི་ཀློང་གི་ཞིང་ཁམས་ཐང་ཆེན་ཐོག་མཚོ་ཕག་གི་རྩེད་རྩལ་ལ་བལྟས་པ་ཡིན། དེའི་གཟུགས་བྱད་མཛེས་ཤིང་སྐྱེན་འགྱུར་མཁས་པ། བློ་རིག་བཀྲ་ལ་མགོ་བོ་གཡོ་ཞིང་མཇུག་མ་ལྡེམ་པའི་ངང་ལྟད་མོ་བ་ཚོར་གླགས་ཡུས་ཤོད་པ་ལྟར་ཁོ་ཚོའི་དགའ་བསུ་ཐོབ་ཐབས་བྱེད་པར་འབད་ཀྱིན་འདུག ཉིན་དེའི་དགོང་མོར། ཏག་ཏག་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ནང་ནས། འབྱམས་ཀླས་ཀྱི་རྒྱ་མཚོའི་ངོགས་སུ་ཉ་འཛིན་གྲུ་གཟིངས་ཆེན་པོ་ཞིག་ཡ་ཡོར་འཕྱོ་བཞིན་རྒྱུ་བའི་ཚེ། གྲུ་གཅལ་ཐོག་མཚོ་ཕག་གསོན་པོ་ཞིག་ཟིན་པའི་བརྙན་ཞིག་མི་རྣམས་ཀྱི་མིག་མདུན་དུ་བསྟན་ཡོང་། ཚེ་སྲོག་ཀྱི་ནུས་སྟོབས་ཡོད་རྒུ་རྩལ་དཀྲུགས་ངང་དེ་ལས་མར་འདྲེད་པའམ་ཐར་ཐབས་བྱེད། དེའི་དུས་སྦྲིད་སྨན་དང་དང་དམིགས་སུ་ཐག་གཅོད་གང་ཡང་བྱས་མེད་ཀྱང་། མི་གཉིས་ཀྱིས་ལྕགས་ཀྱི་སོག་ལེས་མཚོ་ཕག་གསོན་པོའི་མགོ་བོ་བཅད་སོང་། ཁྲག་གི་མཚོ་མོ་འཁྱིལ་བའི་ནང་ཟུག་གཟེར་བཟོད་གླགས་བྲལ་བའི་ཁྲོད་མགོ་མེད་གཟུགས་ཕུང་དེ་འཕག་འཚག་ཡང་སེ་རྒྱག་བཞིན་འདུག དེ་ནས་སླར་ཡང་གྲི་སོག་ལེའི་ཁ་ཅན་གྱིས་དེའི་རྐང་གཤོག་གཏུབ་ཅིང་རིམ་བཞིན་མཚོ་ཕག་གི་ལུས་ཕུང་ཡོངས་ཆ་ཤས་དུ་མར་བཅད་གཏུབ་བྱས་སོང་། ངའི་རོགས་པ་ནི་གྲྭ་པ་ཞིག་ཡིན་ལ་བརྙན་འཕྲིན་ནང་གི་ཚུལ་དེ་མཐོང་མ་ཐག ཁོ་པ་མིག་ཆུ་དབང་མེད་ཤོར་ཅིང་གློ་སྙིང་ལ་འཇིགས་སྐྲག་སྐྱེས་ཏེ་དྲན་མེད་དུ་བརྒྱལ་གྲབས་བྱས་སོང་། མི་རྣམས་ཀྱི་རྣམ་ཀུན་འཚོ་བའི་ཁྲོད་གླང་པོ་ཆེ་ཞེས་གླེང་མ་ཐག དེའི་གོང་ཐང་མཐོ་ལ་དྭངས་གཙང་ལྷད་མེད་དང་། ཉིང་བཅུད་ཡོངས་བསྡུས་ཀྱི་མཆེ་བ་སྤྱད་དེ་རྒྱན་ཆའི་རིགས་བཟོས་ཤིང་། དེ་ལེགས་སྐྱེས་སྤྲོད་པ་དང་ཉོ་འཚོང་བྱས་ཏེ་ཉིན་བཞིན་འབྱོར་ལྡན་སྐུ་དྲག་མཚོན་ཚུལ་བྱེད། ཡང་བསེ་རུ་ཐོས་མ་ཐག དེའི་ཤ་ཟས་ཏེ་པགས་པ་གཉེད་ཅིང་། གོང་ཐང་མཐོ་བའི་རྭ་ཅོ་མཁྲེགས་པོ་དེ་སྨན་རྫས་སུ་བཀོལ་ན་གཉན་ཁྲག་འགོག་ཅིང་ཚ་དུག་འཇོམ་ཐུབ་པས་མི་སུས་ཀྱང་རང་ཉིད་ལ་ཐོབ་ན་འདོད། སྟག་ལ་མཚོན་ན་དེ་ལས་ཀྱང་ལྷག་སྟེ། སྟག་གི་རུས་པའི་ཆང་རག་དང་། སྟག་གི་ཕོ་རྟགས་དེ་ནི་ལག་ཏུ་འབྱོར་དཀའ་བའི་སྨན་མཆོག་བཟང་པོ་ཞིག་ཡིན་ལ་དེ་ཟོས་ན་མཁལ་མ་དང་ཕོ་མཚན་གསོ་ཐུབ་པས་སུས་ཀྱང་རང་ལ་རེག་ན་བསམ། དེ་དག་བསོད་ཡུལ་བཤས་ར་ཉམ་ང་ལ་བག་ཚ་བ། འཇིགས་ཤིང་གཏུམ་པ་དེ་དག་ལ་ང་དངོས་སུ་སླེབས་མ་མྱོང་མོད། མཚོ་ཕག་ཡིན་ཡང་བསོད་སྟངས་འདི་འདྲ་རེད། མིས་དབུགས་ཐོགས་གཞན་ལ་འཛིན་པའི་གོམས་གཤིས་དང་སྙིང་ཁམས་དེ་ནི། ཧ་ལམ་རྒྱལ་པོ་ལྟར་རང་འདོད་དང་རང་ཤེད་ཁོ་ནའི་དབང་དུ་བསྡུས་འགྲོ ཉམ་ཆུང་དབུགས་ཐོགས་ཤིག་གི་ཡ་ང་བའི་ཤི་ཚུལ་དེ་ནི་མིའི་ནག་ཉེས་དག་ཐབས་མེད་པ་ཞིག་གོ །

ནམ་རྒྱུན་མིས་སྲོག་ཆགས་གཞན་ནི་མདོག་ཉེས་ལ་དྲི་བཙོག་པ། སྤྱོད་ལམ་རྩུབ་ཅིང་མཐོ་བས་དམན་པ་ཟས་སུ་བྱེད་པར་ལྟ་ཞིང་། དེའི་ཚེ་སྲོག་ལ་གཅེས་སྤྲས་བྱེད་དོན་མེད་པར་འཛིན་པ་ནི་ནོར་འཁྲུལ་ཡིན། ཤི་ཧྲོང་བཱན་ནའི་རི་སྐྱེས་གླང་ཆེན་གྲོག་རོང་དུ་ང་ལ་སྲོག་ཆགས་ཞིབ་འཇུག་པ་ཞིག་གིས་སྒྲུང་འདི་འདྲ་ཞིག་བཤད་མྱོང་། ཁོང་གིས་ཚང་ཚིང་སྟུག་པོའི་ལྗོན་པའི་གསེབ་ནས་ཉེ་ས་ནས་ལྐོག་ཏུ་རི་ཁུལ་གྱི་གླང་པོ་ཆེའི་འདས་མཆོད་ལ་རྟོག་ཞིབ་བྱས་པས། ལོ་གྲངས་མཐོ་བའི་གླང་ཆེན་ཕོ་རྒན་ལ་ནད་ངན་ཕོག་ཏེ་སྟབས་མ་ལེགས་པར་ཤི་སོང་། ལོ་ན་གཞོན་པའི་གླང་ཆེན་གྱི་མགོ་པ་དེས་གླང་པོའི་ཁྱུ་ཚོགས་གྲལ་སྟར་སྒྲིག་ནས་གླང་རྒན་ཤི་བོའི་རོ་འགྲམ་དུ་སྣེ་ཁྲིད་ཅིང་། དེ་ནས་གླང་རྒན་གྱི་རོ་དེ་ནགས་གསེབ་སྟུག་པོའི་ཁྲོད་ཀྱི་ཆུ་ཕྲན་འགྲམ་དུ་དབོར་བ་དང་། གླང་པོ་ཕོ་རྣམས་ཀྱིས་མཆེ་བས་ས་ཐོག་བརྐོས་ཏེ་དུར་དོང་གཏིང་རིང་ཞིག་བྲུས་ཤིང་། གཟབ་ནན་ངང་རོ་དེ་དོང་ནང་དུ་བཞག་པ་དང་གླང་པོའི་ཁྱུ་ཡིས་སྣ་ཁུང་རིང་མོས་ས་སྒོངས་ཏེ་དོང་ནང་བསྐངས། དེ་ནས་མགོ་པས་གླང་པོ་ཁྱུ་ཡི་མགོ་ཁྲིད་དེ་ཚང་མ་མཉམ་དུ་རྐང་པས་དོང་ཁ་བཅག་བཅག་བཏོང་བཞིན་དོང་ས་དམ་པར་བྱེད། མཇུག་མཐར་གླང་པོའི་ཁྱུ་རྣམས་སྟར་པ་གཅིག་ཏུ་སྒྲིག་ནས་བགྲོས་དལ་མོས་དུར་དོང་འགྲམ་ནས་ཁ་བྲལ་འགྲོ དེའི་ཚེ་རི་སྐྱེས་གླང་ཆེན་མང་པོའི་མིག་སྒོར་མཆི་མས་ཁེངས་ཤིང་དེ་ནས་ཁ་བྲལ་འདོད་མི་བྱེད། དེ་ནི་རང་གི་རོགས་ཟླའི་ཚེ་སྲོག་ལ་བརྩི་བཀུར་བྱས་པ་ཞིག་གོ ། ཁྲུང་ཁྲུང་གིས་བདེ་ཞིང་སྐྱིད་པོས་འཚོས་ནས་བག་ཡངས་ངང་རྒྱུད་སྤེལ་བྱ་ཆེད། དབྱུག་པ་ཁ་དབྲག་དབྱིབས་ཅན་ལྡེམ་ལྡེམ་གཡོ་བ་ལྟར་གྱི་གྲལ་སྟར་སྒྲིག་ཅིང་། ལོ་ནས་ལོ་ལྟར་བར་སྣང་མཐོངས་སུ་ཕར་སྐྱ་ཚུར་སྤོ་བྱེད། འཕུར་ལམ་དུ་ཁོ་ཚོའི་གྲལ་ཁྲིམས་ཤིན་ཏུ་སྒྲིག་ཅིང་གྲལ་མགོའི་སྣེ་མོར་སྟོབས་ལྡན་ཧྲོག་པ་འཕུར་ནས་བར་དུ་བུ་ཕྲུག་ལོ་ཆུང་དེ་དག་བཅུག་པ་དང་། གྲལ་མཇུག་ཏུ་ཁྲུང་ཁྲུང་ལོ་རྒན་གྱིས་འཕུར་ནས་སྒྲིག་ལམ་བཙན་པོས་འགྲོ གྲལ་མགོའི་ཁྲུང་ཁྲུང་གིས་གཤོག་རྡེབ་སྟུད་མར་བརྡབ་པ་དང་འཕུར་ལམ་ཇེ་མཐོར་བཏང་འགྲོ ཁྲུང་ཁྲུང་ལོ་ཆུང་ཚོས་རིམ་པར་གོང་གི་གཤོག་རྡེབ་སྟུད་མས་སྦྱིན་པའི་རླུང་ཤུགས་ལ་བརྟེན་ནས་རང་གི་གཤོག་ཟུང་གི་ངལ་བ་སེལ་བར་བྱེད། དེ་ཡང་ཡུན་ནན་ཀྲའོ་ཐུང་གི་བྱ་རིགས་རྟོག་ཞིབ་ས་ཚིགས་ཤིག་ནས་སྣང་ཚུལ་འདི་འདྲ་ཞིག་མཐོང་རྒྱུ་བྱུང་སྟེ། ཁྲུང་ཁྲུང་ཆེན་པོ་ཞིག་གིས་འགུལ་ཙམ་ཡང་མི་བྱེད་པར་དར་ཆགས་པའི་མཚོ་ཐོག་ཏུ་ཀྲོང་ངེར་ལངས་ཡོད། མཚོ་དེ་རྒྱ་ཆེ་རྒྱུ་དེ་ཙམ་མེད་ཀྱང་མཚོ་མཐའ་ཡོངས་སུ་དངུལ་དཀར་ཁ་བའི་གོས་ཀྱིས་བཀླུབས་ཡོད། དོན་དུ་ཁྲུང་ཁྲུང་དེ་སྔར་མཚོ་འགྲམ་གྱི་རྩྭ་གསེབ་ཏུ་ཡོད་ཀྱང་ཕལ་ཆེར་བཀྲེས་ལྟོགས་ཀྱི་མནར་བའི་དབང་གིས་མཚོ་ཐོག་ཏུ་ཟས་འཚོལ་དུ་ཡོང་བས། སྟབས་མ་ལེགས་པར་སྡེར་མོ་གཉིས་ཀ་དར་ནང་འཁྱགས་རེངས་ཐེབས་ནས་འགུལ་བསྐྱོད་མི་ཐུབ་པ་རེད། དེའི་ཚེ་མཚོ་འགྲམ་རྩྭ་གསེབ་ཏུ་ཡོད་པའི་ཁྲུང་ཁྲུང་ཆེ་གྲས་ཁྱུ་གཅིག་གིས་སྣེ་ཁྲིད་དེ་འུར་ཆིལ་ལེར་འཕུར་བ་དང་དར་ཁ་སྒྲིག་པའི་མཚོ་ཡི་མཁའ་རུ་ལྡིང་སྐོར་རྒྱབ་པ་དང་ག་ལེར་གྲལ་སྟར་གཅིག་དེ་གྲལ་སྟར་སྒོར་སྒོར་དུ་སྒྲིག་ནས་མཚོ་ངོས་ཀྱི་འཁྱགས་རེངས་སུ་ལུས་པའི་ཁྲུང་ཁྲུང་དེར་སྐོར་ནས་མར་བབས། དེ་ནས་ཚང་མ་མ་གྲོས་གཅིག་མཐུན་ངང་མགོ་བོ་ལན་རེར་ཡར་ལ་དགྱེ་བ་དང་ལན་རེར་མར་ལ་གུག་ནས་ར་མཆུ་རྣོན་པོས་དར་ངོས་ལ་བརྡབས་ཤིང་དར་ནང་སྡེར་མོ་འཁྱགས་པའི་ཁྲུང་ཁྲུང་དེའི་གཡས་གཡོན་གྱི་དར་ངོས་འཁྱགས་རོམ་དེ་ཚལ་བུ་བརྒྱ་སྟོང་དུ་གཏོར་རོ།། དེའི་ཚེ་ཁྲུང་ཁྲུང་ཁྱུ་ཚོགས་འུར་ཆིལ་ལེར་མཁའ་དབྱིངས་སུ་འཕུར་བ་དང་འཁྱགས་རོམ་ཁྲོད་ཀྱི་ཁྲུང་ཁྲུང་དེས་ལུས་ཤུགས་ཡོད་རྒུ་བཏོན་ནས་ལན་འགའ་ཕར་ཀྱོག་ཚུར་ཀྱོག་བྱས་རྗེས་རང་གི་སྡེར་མ་གཉིས་འཁྱགས་གསེབ་ནས་བཏོན་ཐུབ་པ་བྱུང་། ཡིན་ཀྱང་གཤོག་པ་གཉིས་འཁྱགས་པས་མནར་ཏེ་གཤོག་ཟུང་གཡོ་མི་ཐུབ་པར་ལུས་པས་སྐབས་དེར། མཁའ་དབྱིངས་ཀྱི་ཁྱུ་ཚོགས་ལས་ཆེ་བ་བཞི་མར་བབས་ཡོང་ནས་གཡས་གཡོན་ལ་གཉིས་རེ་བབས་ཤིང་དེའི་གཤོག་པའི་སྟེང་གི་འཁྱགས་རྡོག་ཐོག་གནད་ལ་འཁེལ་པོས་མཆུ་བཙགས་བཏང་པས། གཤོག་སྒྲོའི་གསེབ་སུ་འཁྱགས་སྦྱར་ཐེབས་པའི་འཁྱགས་རྡོག་སིལ་བུར་གཏོར་ནས་དུས་ཡུན་སྐར་མ་ཉི་ཤུ་མ་འདས་གོང་ཁྲུང་ཁྲུང་དེ་གཤོག་ཟུང་ཡོངས་སུ་བརྐྱངས་ནས་རང་ཉིད་སྐྱོབ་མཁན་གྱི་ཁྲུང་ཁྲུང་བཞི་པོ་དེ་དང་ལྷན་དུ་བར་སྣང་ལ་འཕུར་སོང་། དེ་ནི་ཚེ་སྲོག་བསྐྱབས་པ་རེད་ལ་དེར་བརྩི་བཀུར་བྱས་པ་ཡང་རེད།

ངའི་ཁྱིམ་ནི་བོད་ནག་ཆུའི་བྱང་རྩྭ་ཐང་ཐོག་ཡོད། གནས་དེ་ན་མཛེས་སྡུག་ལྟ་བས་མི་ངོམས་པའི་གངས་རི་དང་ཨ་སྔོན། ཞོ་གསར་ལྟ་བུའི་དྭངས་གཙང་སྤྲིན་དཀར་ཡོད་ལ། གཞན་ཡང་འབྲོང་དང་གནག་ཕྱུགས་ཀྱི་ཁྱུ་ཚོགས། ཐར་ཐོར་དུ་ཁ་གྲམ་པའི་གཡང་དཀར་ལུག་ཁྱུ་དང་ལྷིང་འཇགས་ངང་བཙུགས་པའི་སྦྲ་གུར་ཡང་ཡོད། གནས་དེར་སླེབས་ན་ཁྱེད་ཀྱི་ཚེ་འདིའི་མཐོང་ཐོས་ཡིད་ཡུལ་དུ་སྔར་ཡེ་ནས་ཤར་མེད་པའི་བྱ་དངོས་དང་སྣང་ཚུལ་དུ་མ་ཞིག་གློ་བུར་དུ་ཁྱེད་ཀྱི་དབང་ལྔའི་ཡུལ་དུ་འཆར་ཞིང་སྣང་ཡོང་། ལོ་ཞིག་ལ་ང་རང་ཁྱིམ་གྱི་འབྲོག་སར་ལོག་ནས་ཉིན་གསུམ་བསྡད་པ་ཡིན། དེའི་རིང་བདག་ལ་ལུག་མ་བུའི་བར་གྱི་ལྷད་མེད་བྱམས་བརྩེ་དེ་མིག་མཐོང་སེམས་ཚོར་བྱུང་། ང་སླེབས་པའི་ཉིན་དེར། ལུག་རའི་ཕྱི་ལོག་ཏུ་ལུ་གུ་གྭ་པ་ཞིག་གིས་གཞུ་གུ་ཡུག་ཡུག་ངང་ལྕེ་སྣར་སྣར་གྱིས་སྔོ་རྩྭའི་ཐོག་ཏུ་དྲི་བསྣོམ་པ་དང་ཡང་རྐང་སུག་གིས་ས་ཕུང་ལ་བྲད་བྲད་བྱེད་ཅིང་ཧ་ཅང་སྙིང་རྗེ་པོར་མངོན་ཡོང་། ང་གུར་ནང་ནས་ཕྱིར་དོན་མ་ཐག་ཁོས་ལྐུགས་ཚོད་ཚོད་དུ་གོམ་ཁ་ངའི་ཕྱོགས་སུ་སྤོས་ཡོང་སྟེ་ང་ལ་སྙིང་ཉེ་བའི་ཚུལ་བྱེད། ཉིན་དེའི་དགོང་མོར་ལུ་གུ་གྭ་པ་དེ་སྟབས་མ་ལེགས་པར་ལུག་ཁྱུའི་ཚང་ཁ་ཤིག་ཤིག་ཁྲོད་རྡོག་བཙིར་ཐེབས་ནས་ཤི་སོང་། ངས་སང་ཉིན་དེར་མཐོང་བ་ནི། ལུ་གུ་བརླག་པའི་ལུག་མོང་དེ་ཧ་ལམ་བླ་བོར་བ་ལྟར་ལུག་ཁྱུ་མཉམ་དུ་མི་འདྲེས་ཤིང་། རྩྭ་ཡང་མི་བཟའ་ཆུ་ཡང་མི་འཐུང་བར་ཁེར་རྐྱང་ངང་ལུག་རའི་ཕྱི་རུ་སྡུག་བསྔལ་གྱི་རབ་ཏུ་བཟུང་ནས་ལུས་འདུག དགོང་མོར་རྫི་བོས་ལུ་གུ་ཤི་རོ་དེའི་པགས་པ་བཤུས་ནས་ལུག་ཨ་མ་ཤི་བའི་ལུ་གུ་གཞན་ཞིག་གི་ཐོག་ཏུ་གཡོགས་པ་དང་སྐུད་པས་པགས་པའི་སྣེ་འཐུད་པ་དང་ལུག་མོང་དེའི་འཁྲིས་སུ་འཁྱེར་ཕྱིན་པ་ན། ལུག་མོང་དེས་ལུ་གུ་དེའི་ཐོག་དྲི་སྣོམ་ཙམ་བྱས་པ་དང་རང་གི་ཕྲུ་གུ་ཡིན་པར་ངོས་བཟུང་ནས་ཨ་མའི་བྱམས་བརྩེ་ལྷག་ཏུ་བཏོན་ཞིང་དེ་ལ་འོ་མ་གང་འདོད་སྦྱིན་པ་དང་ལུག་ཨ་མ་མེད་པའི་ལུ་གུ་དེ་བྱམས་པས་བསྐྱངས་སོང་། མ་གཞིའི་སྤུན་ཉེའི་བརྩེ་བ་དེ་སྒེར་སེམས་ཡིན་ཡང་དེ་ནི་བརྩེ་བ་ཆེན་པོ་འབྱུང་བའི་ས་བོན་ལྟ་བུ་ཡིན། གཅིག་བྱས་ན་ནོར་ལུག་གིས་རང་གི་ཕྲུ་གུ་ཤི་རྗེས་རང་གི་འོ་མ་ལྷག་མ་དག་ནོར་ལུག་གཞན་གྱི་ལུ་གུ་དང་བེའུར་སྦྱིན་འདོད་མེད་པ་དེ་ནི་སྲོག་ཆགས་ཀྱི་ཨ་མའི་བྱམས་བརྩེ་དེ་ཡིན་སྲིད། ངས་དེ་སྔོན་དུས་དེབ་ཅིག་ལས་སྒྲུང་འདི་འདྲ་ཞིག་ལྟ་མྱོང་ཡོད་དེ། མ་བྱན་ཞིག་གིས་ནམ་རྒྱུན་དུ་མཚོ་ཟས་སོས་པའི་ཚལ་བརྔོས་ཀྱིན་ཡོད། ཉིན་ཞིག་གི་ཕྱི་དྲོ་ཁོ་པས་སྦྲུལ་ཉ་ཞིག་དམར་བཙོས་རྒྱག་འཆར་ཡོད་ཅིང། སྔོན་ལ་ཚལ་སླང་ནང་ཆུ་ཁོལ་སྐོལ་བ་དང་སྔར་རྒྱུན་ལྟར་ཆུ་འཛིང་ནང་ནས་སྦྲུལ་ཉ་ཞིག་སླངས་ཏེ་ཚལ་སླང་ནང་བླུགས། སྦྲུལ་ཉ་དེ་ནི་སྟོབས་ཤུགས་ཡོད་རྒུས་ལུས་པོ་གཞུ་དབྱིབས་ལྟར་གུག་ནས་ཚལ་སླང་གི་ཕྱིར་མཆོངས་འདོད་བྱེད། མ་བྱན་དེ་མར་བློ་དོགས་མི་བདེ་བར་གྱུར་ཅིང་ཉ་དེ་ཚལ་སླང་ནས་བཏོན་ཏེ་གཏུབ་གཞོང་ཐོག་བཞག་མོད། ཉ་དེ་སྔར་བཞིན་ལུས་པོ་གཞུ་ལྟར་དམ་པོར་གུག་འདུག་ཅིང་སྲུབས་ཏུ་མཛུབ་མོ་ཡང་ཐར་བར་དཀའ། ཡིན་ཡང་ཉ་དེ་དབུགས་འདས་ཚར་འདུག ཁོས་གྲི་སླངས་ནས་སྦྲུལ་ཉ་དེ་དུམ་བུ་གཤགས་པའི་ཚེ། ད་གཟོད་དེའི་གྲོད་ཁོག་ནང་ད་དུང་ཉ་ཕྲུག་གཅིག་ཡོད་པ་དང་ད་གིན་ལུས་པོ་གཞུ་ལྟར་གུག་དོན་ནི་ཁོག་ནང་གི་ཚེ་སྲོག་ཆུང་ཆུང་དེ་སྲུང་སྐྱོབ་བྱ་ཆེད་གུག་པ་ཡིན་པ་ཡང་རྟོགས་ཡོང་། གོ་ཐོས་ལ་དུས་དེ་ནས་བཟུང་མ་བྱན་དེ་ལས་ཀ་བསྒྱུར་ནས་དངོས་ཟོག་ཉོ་སྒྲུབ་པ་ཞིག་བྱས་པ་རེད་ཟེར།

འགྲོ་བ་མིའི་རྔོན་ལས་དཔལ་ཡོན་དང་འབྲོག་ལས་དཔལ་ཡོན། རྨོ་འདེབས་དཔལ་ཡོན་གྱི་དུས་རིམ་དེ་དག་ནང་སྲོག་ཆགས་ར་བ་ནི་ཐོན་མི་སྲིད་པ་ཡིན། བཟོ་ལས་དཔལ་ཡོན་དར་བ་དང་མི་འབོར་གཅིག་བསྡུས་ཐོག་གྲོང་ཁྱེར་འཕེལ་རྒྱས་བཏང་ཞིང་། རང་བྱུང་སྣོད་བཅུད་དང་ཁ་ཐག་རིང་དུ་གྱེས་པས་གྲོང་ཁྱེར་ནང་དུ་སྲོག་ཆགས་ར་བ་བཙུགས་པ་རེད། དེ་ནི་གུ་ཡངས་གཏོང་ཐབས་མེད་པ་ཞིག་ཡིན་མོད། འོན་ཀྱང་མིའི་རིགས་ཀྱིས་སྲོག་ཆགས་ལ་མཚམས་རེ་སྣང་ཆུང་དང་འཇིགས་སྐུལ། རང་སྣང་གང་འདོད་ཀྱི་རྣམ་འགྱུར་སྟོན་པ་དང་། ཡང་སྐབས་རེ་གཅེས་སྐྱོང་དང་བཀོལ་སྤྱོད། གོང་བཀུར་གྱི་རྣམ་འགྱུར་འཛིན་ཅིང་རྙོག་འཛིང་ཧ་ཅང་ཅང་ཆེ། མཐོ་བ་སྟག་གཙོ་བོར་བྱས་པའི་སྲོག་ཆགས་ནས་དམའ་བ་གྲོག་མ་ཡན་གྱི་སྲོག་ཆགས་ཀུན་གྱི་དབར། ཚེ་སྲོག་གི་དོན་སྙིང་གི་ཆ་ནས་འདྲ་འདྲ་མཉམ་མཉམ་ཡིན། གལ་ཏེ་ཁྱད་པར་འབྱེད་དགོས་ན་ཚེ་སྲོག་གི་རིན་ཐང་མི་འདྲ་བ་ཙམ་མོ། ། སྟག་ལྕགས་དྲའི་ནང་བླུགས་ནས་འཇོག་པའི་སྐབས། ཁོ་དང་ཐད་ཀར་ཕར་ལྟ་ཚུར་ལྡིར་དང་མཛུབ་མོ་འཛུགས་ཙམ་འཛུགས་ཙམ་བྱེད་པ། པར་ཆས་བཟུང་ནས་འདྲ་པར་བླངས་ཐུབ། གལ་ཏེ་ལྕགས་དྲའི་བཀག་རྒྱ་མེད་པའི་དབང་དུ་བཏང་ན། དེའི་མཆེ་གཙིགས་སྡེར་བགྲད་ཀྱིས་སུ་ཞིག་དཔའ་མི་ཁུམས་པ་སྲིད། སྲོག་ཆགས་ར་བ་ཐོན་པ་དེས་འགྲོ་བ་མི་ཉིད་སའི་གོ་ལའི་ཐོག་ཏུ་སྲོག་ཆགས་ཀུན་ལས་རྣམ་པར་རྒྱལ་བར་བརྩི་ཆོག་ཀྱང་དེ་ནི་དགའ་ལ་ལོད་པ་ཙམ་མོ། སྲོག་ཆགས་ཀྱི་ཉམ་ཆུང་ཚེ་སྲོག་ཕན་ཚུན་དབར་གདུང་སེམས་མཉམ་སྐྱེ་དང་རྒྱུ་འབྲས་རྟེན་འབྲེལ་གྱི་འབྲེལ་བ་གྲུབ་ཡོད། རྒྱལ་སྤྱིའི་སྐྱེ་དངོས་རིག་པའི་མཁས་པ་གྲགས་ཅན་ཤི་མཱོང་སཱི་མཆོག་ནས་ཕྱི་ལོ1976ལོར་སྤྱི་ཚོགས་སྲོག་ཆགས་རིག་པ་ཞེས་པའི་རིག་ཚན་གྱི་སྲོལ་བཏོད་དེ། ཁོང་གི་དགོངས་གཞི་ནི་སྤྱི་ཚོགས་རིག་པའི་ཕྱོགས་ནས་སྲོག་ཆགས་ཀྱི་གསང་བ་ལ་ཉམས་ཞིབ་གནང་རྒྱུ་ཡིན། ཁོང་གིས་ཀུན་གྱིས་དགྲ་ཡར་འཛིན་པའི་ཙི་ཙིའི་གསང་བ་ཡ་མཚན་གསལ་རྟོགས་ཐུབ་ཅིང་། ཉིན་ཞིག་ས་སྟོང་ཐོག་ཙི་ཙི་གཉིས་མཉམ་དུ་འགྲོ་བ་དང་ཙི་ཙི་རྒྱབ་མ་དེས་ཙི་ཙི་སྔོན་མའི་མཇུག་མར་སོ་བཏབ་ཡོད། ཚུལ་དེ་མཐོང་བ་དང་ཁོང་ཡ་མཚན་སྐྱེ་བཞིན། ཙི་ཙི་དེ་གཉིས་ཟིན་ནས་རྟག་དཔྱད་གནང་བར། ད་གཟོད་ཙི་ཙི་མཇུག་མ་དེ་ལོང་བ་ཡིན་པ་ཤེས་པ་རེད། དབྱིན་ཇིའི་བུད་མེད་ཅིག་གིས་ཁྱི་ཞིག་གསོས་ཤིང་དེ་ལོ་ཇེ་ཆེར་སོང་བ་དང་མིག་ལོང་བ་ཆགས། ཁྱིམ་དུ་གསོས་པའི་ཞི་མི་གཉིས་ཀྱིས་ཁྱི་དེར་གདུང་སེམས་སྐྱེས་པ་དང་འདྲ་བར། དེ་ནས་བཟུང་ཁོ་ཚོ་གང་དུ་ཕྱིན་ཀྱང་ཁྱིའི་གཡས་གཡོན་དུ་ཞི་མི་གཉིས་པོས་གཡས་སྐྱོར་གཡོན་སྲུང་གི་ཚུལ་དུ་ཁྱི་ལོང་བར་ལམ་བསྟན་པར་བྱེད། ཡང་སྔོན་མ་གྷི་རི་སིར་གླུ་བ་གྲགས་ཅན་ཨ་ལིས་ཝང་འབོད་པ་ཞིག་ཡོད། སྐབས་ཤིག་ཁོང་ཨེ་ཊ་ལིར་འཁྲབ་སྟོན་གནང་བར་ཕེབས་རྗེས་ཚུར་གྲུ་གཟིངས་ལ་བསྡད་དེ་གྷི་རི་སིར་ལོག་པ་རེད། གྲུ་དེའི་གཉན་དཔོན་ནི་མཚོ་ཇག་ཅིག་ཡིན་ཞིང་། ཁོས་ཨ་ལིས་ཝང་གི་རྒྱུད་སྐུད་བདུན་མའི་སྒྲ་སྙན་ལ་གོང་ཚད་མཐོན་པོ་ཡིན་པ་དང་ལུས་ཐོག་ཏུ་དངུལ་མང་པོ་ཡོད་པ་ཤེས་རྗེས། ཁོས་མི་མེད་རྒྱ་མཚོའི་ཐོག་ཏུ་ཁོང་བཀྲོངས་རྒྱུའི་བློ་ངན་འཁོར་བ་མ་ཟད་ཨ་ལིས་ཝང་ལ་དོན་དེ་གསལ་བར་བཤད། ཨ་ལིས་ཝང་གིས་རང་ཉིད་སྲོག་ཉེན་ལས་ཐར་ཐབས་མེད་པ་རྟོགས་རྗེས་གཉན་དཔོན་ལ་རང་ཉིད་མ་ཤི་གོང་གི་གླུ་དབྱངས་མཐའ་མ་དེ་ལེན་དུ་འཇུག་རྒྱུའི་རེ་བ་ཞུས་ཤིང་། ཁོང་གིས་སྐྱོ་སྡུག་ཟད་མེད་ཀྱི་སེམས་ངལ་དེ་གླུ་སྒྲ་དྲགས་པོར་འདྲེས་ཏེ་ལེན་པའི་ཚེ། མཚོ་ཕག་ཅིག་གྲུ་གཟིངས་ཀྱི་མཐའ་འཁོར་དུ་འཕག་ལྡིང་བྱེད་ཅིང་འདུག ཁོང་གི་བསམ་པར་མཚོ་ཇག་གི་ལག་ཏུ་ཤི་བ་ལས་རང་ཉིད་མཚོ་ནང་དུ་མཆོངས་ནས་ལྕེབས་པ་དགའ་སྙམ་བཞིན། གླུ་བླངས་ཚར་བ་དང་སྒྲ་སྙན་དམ་པོར་འཛིན་ནས་གཏིང་མཐའ་བྲལ་བའི་མཚོ་ནང་དུ་མཆོངས་སོ།། དེའི་ཚེ་མཚོ་ཕག་གིས་སྙན་འཇེབས་ལྡན་པའི་གླུ་དབྱངས་དེ་ཐོས་པའམ། གླུ་དབྱངས་མཁན་གྱི་རིན་ཐང་ཤེས་པ་ལྟར་ཨ་ལིས་ཝང་སྒལ་སྟེང་དུ་འཁུར་ནས་མཚོ་ནང་རྐྱལ་རྩལ་འཁྱུག་ཅིང་གླུ་དབྱངས་མཁན་ཁོང་སྤུ་རྐང་གཅིག་ལའང་གནོད་སྐྱོན་མེད་པར་མཚོ་མཐར་བསྐྱལ་པ་རེད། ཕྱིས་སུ་གྷི་རི་སིའི་ཤོག་སྒོར་བཟོ་གྲྭས་ཊམ་ཀ་ཞིག་ཐོན་སྐྱེད་བྱས་ཤིང་། དེའི་ངོས་སུ་རྒྱ་མཚོའི་སྟེང་ཨ་ལིས་ཝང་གིས་རྒྱུད་བདུན་སྒྲ་སྙན་ཐོགས་སྟེ་མཚོ་ཕག་ལ་བཞོན་པའི་སྣང་བརྙན་བརྐོས་ཡོད།

དོན་ངོ་མར་འགྲོ་བ་མི་དང་སྲོག་ཆགས་གཞན་རྣམས་རོགས་ཟླའི་འབྲེལ་བ་གྲུབ་པར་བརྗོད་དགོས་ཏེ། ཕན་ཚུན་མཉམ་དུ་རང་བྱུང་སྣོད་བཅུད་ཀྱི་གནང་སྦྱིན་ལ་མྱོང་རོལ་བྱེད་པ་ཡིན། སྲོག་ཆགས་ཚང་མར་རང་བཀུར་གྱི་ཚོར་ཤེས་མངའ་ཞིང་། གལ་ཏེ་ཁོ་ཚོ་དང་ཐག་ཉེར་བཅར་ནས་སྲོག་ཆགས་གཞན་གྱི་བསམ་ཤེས་དང་བརྩེ་བ་ཐོབ་ན། དེ་ནི་རང་ཅག་འགྲོ་བ་མིའི་གཟི་བརྗིད་དང་སྤོབས་པ་རེད། རྒྱ་ནག་ཅང་ནན་ཏུང་དིང་མཚོ་འགྲམ་གྱི་ཡཱ་ཙེ་གསོ་མཁན་ཞུའི་ཧུད་ཁྱིམ་དུ་དོན་འདི་འདྲ་ཞིག་བྱུང་མྱོང་ཡོད་དེ། ཕྱི་ལོ་1980ལོའི་ཟླ་བ་9ཉིན་ཞིག་ལ། ཁོང་གི་རང་ཁྱིམ་སྒོ་ཁའི་ཆུ་ཡུར་ནང་ཉ་འཛིན་པའི་ཚེ། བསམ་ཡུལ་ལས་འདས་པར་རུས་སྦལ་ཞིག་ཐེབས་བྱུང་། ཁོ་པས་རུས་སྦལ་ཁྱིམ་ནང་དུ་འཁྱེར་བ་དང་དུས་ཡུན་ངེས་ཅན་རིང་རུས་སྦལ་དེ་གསོ་ཉར་བྱས་ཤིང་། ཕྱིས་སུ་རུས་སྦལ་གྱི་སྒལ་རུས་ཐོག་རང་གི་མིང་བྲིས་ཏེ་མུ་མཐའ་མེད་པའི་ཏུང་དིང་མཚོ་མོའི་ནང་གློད་བཏང་། དུས་ཡུན་ལོ་གཅིག་ལྷག་ཙམ་འདས་རྗེས་ཀྱི་ཕྱི་ལོ་1981ལོའི་ཟླ་བ་12ཀྱི་ཉིན་ཞིག་གི་དགོང་མོར། རུས་སྦལ་དེ་ཐལ་རལ་ཡོག་ཡོག་ངང་ཁོའི་ཁྱིམ་དུ་ལོག་ཡོང་ནས་སྒོ་རའི་ནང་དུ་འཛུལ་བྱུང་། ཁྱིམ་བདག་ཧ་ལས་ཧང་སངས་བཞིན་ཁྱིམ་མི་ཡོངས་གྲོས་ཁ་སྡུར་རྗེས། རུས་སྦལ་འདི་བརྩེ་སེམས་ལ་རྒྱ་ཟབ་པས་དུས་ཡུན་མི་ཐུང་བའི་བར་ཁྱིམ་དུ་གསོ་ཉར་བྱས་རྗེས་སླར་ཡང་མཚོ་ནང་དུ་གློད་རྒྱུར་ཁ་འཆམ། ཡིན་ཀྱང་ལོ་གཅིག་འདས་ལ་ཉེ་ཞིང་དཔྱིད་མགོའི་ལོ་གསར་ཟིན་གྲབས་བྱེད་པའི་སྐབས་རུས་སྦལ་དེ་སླར་ལོག་བྱུང་། གྲོང་ཚོའི་ནང་གི་ན་ཆུང་འགའ་ཞིག་གིས་དེ་མཐོང་བ་དང་ཁུག་མ་དང་ཉ་དྲ་འཁྱེར་ནས་ཐབས་བརྒྱ་ཇུས་སྟོང་གིས་འཛིན་ཐབས་བྱེད་སྐབས། རུས་སྦལ་དེས་སྤྱང་གྲུང་དོད་པོས་ཆ་རྒྱུས་ཡོད་པའི་ལམ་འགྲམ་གྱི་གྱང་གི་ཁུང་བུར་འཛུལ་བས་འཛིན་བཟུང་བྱེད་མཁན་དེ་དག་ཉིན་གང་རིང་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཁྱིམ་ཚང་དེར་དོན་དེ་མ་བཤད་ཐབས་མེད་ཆགས། སྐུ་ཞབས་ཞུའི་ལགས་ཀྱི་སྲང་ལམ་ནང་དུ་སྐད་ཆེན་པོས་གྲོགས་རུས་སྦལ་ལགས། ཁྱེད་རང་སླར་ལོག་ཡོང་པས། ང་ཁྱེད་རང་བསུ་བར་ཡོད། མར་དོན་ཤོག་འབོད་ཅིང་། སྐད་སྒྲ་གྲགས་མ་ཐག་རུས་སྦལ་དེ་གྱང་ཁུང་ལས་དོན་ཏེ་ཁྱིམ་བདག་ཞུའི་ལགས་ཀྱི་མདུན་དུ་ཕྱིན་པ་རེད། ཞུའི་ཚང་གི་ཞིང་ལས་ཚར་རྗེས། ཚང་མ་མཉམ་འཛོམས་ཀྱིས་བཟའ་བཏུང་དགའ་སྟོན་ལ་རོལ་བ་དང་། རུས་སྦལ་དེ་ནི་ག་ལེ་ག་ལེར་ཁོ་ཚོའི་དཀྱིལ་དུ་འཛུལ་ནས་མགོ་བོ་མཐོན་པོར་སྣར་ཏེ་འགའ་རེའི་ངོ་ལ་ལྟ་ཞིང་སུ་ཞིག་གི་སྐད་ཆར་ཉན་པའི་ཁུལ་བྱེད་ཅིང་། ཧ་ལམ་ཞུའི་ཚང་གི་ཁྱིམ་མིའི་ཁོངས་སུ་གཏོགས་པ་ལྟར་སྣང་། གོ་ཐོས་ལ་དེ་ནས་བཟུང་རུས་སྦལ་དེས་ལོ་ངོ་བརྒྱད་སྟུད་མར་ཟླ་ལྔ་བའི་ལྔ་དྲན་ནམ་དཔྱིད་མགོའི་ལོ་གསར་གང་རུང་ལ་ཁྱིམ་དེར་ལོག་ནས་འཚམ་འདྲིར་ཡོང་བ་མ་ཟད་སྐུ་ཞབས་ཞུའི་ལགས་དང་རུས་སྦལ་གྱི་ལས་འབྲེལ་དེ་ཚགས་ཐོག་ཏུ་གསར་འགྱུར་བཀོད་ཅིང་། རྒྱལ་ཡོངས་ཡུལ་ལུང་ཁག་གི་ཤིས་བརྗོད་འཕྲིན་ཡིག་ཁ་བའི་ལྷབ་ལྷུབ་ཏུ་བབས་པ་ལྟར་ཞིང་པའི་ཁྱིམ་ཚང་དཀྱུས་མ་འདིར་འབྱོར་ནས་སྐུ་ཞབས་ཞུའི་ལགས་གྲགས་ཅན་མི་སྣར་གྱུར་པ་རེད།

དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་མགོར་ཕྲན་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་བྱ་བ་སྒྲུབ་པ་དང་གསར་འགོད་པའི་སྒོ་རར་བསྡད་ཀྱི་ཡོད། གསར་འགོད་པའི་སྒོ་ར་དེ་ནི་ཐོག་བརྩེགས་ཉིས་ཐོག་ཀྱི་བོད་ལུགས་ཁང་པ་རྒྱབ་པའི་སྒོ་ར་ཆུང་ངུ་ཞིག་ཡིན། དེ་སྔ་སྒེར་པ་ཞིག་གི་སྒེར་གཞིས་རེད། ཁང་པ་དེ་ཧ་ཅང་རྙིང་གོག་རེད། སྒོ་ར་སྲུང་མཁན་བཀྲ་ཤིས་གཅིག་ཐོག་ཏུ་སྡོད་ཅིང་ཁོས་སྒོ་ར་སྲུང་རོགས་བོད་ཁྱི་གཉིས་གསོས་ཡོད། ཕོ་ཁྱི་དེ་གཉིས་ཕར་བལྟས་ན་སྤྱང་ཀི་རྒྱ་དམར་དང་འདྲ་ཞིང་མགྲོན་པོ་མང་པོ་ཞིག་སྒོ་རའི་ནང་འཛུལ་ཕོད་ཀྱི་མེད། ཁྱི་སྐད་གྲགས་པས་ནམ་གུང་ལ་མི་རྣམས་གཉིད་སྐྱིད་པོ་ཁུག་གི་མེད། དེའི་དབང་གིས་སྒོ་རའི་ནང་མི་དང་ཕྱི་མི་སྐུ་མགྲོན་སུ་ཡིན་ཡང་བཀྲ་ཤིས་ལ་རྒྱབ་བཤད་དང་མི་འདོད་པའི་སྐད་ངན་འཆོར་བ་དང་བཀྲ་ཤིས་ལ་སེམས་འགན་ལྗི་མོ་ཞིག་ཕོག་ཡོད། སྐུ་ཚེ་གང་པོ་དགེ་སྒྲུབ་བཟང་སྤྱོད་ལ་གཞོལ་བའི་བགྲེས་སྲོང་བཀྲ་ཤིས་ལགས་མཐར་ཐབས་ཟད་དེ་མཚོ་བོད་གཞུང་ལམ་སྟེང་གི་དོས་སྐྱེལ་རླངས་འཁོར་གཏོང་མཁན་ལ་མངགས་བཅོལ་བྱས་ཏེ་ཁྱི་གཅིག་ལྷ་ས་ནས་སྤྱི་ལེ་200ལྷག་ཙམ་ཡོད་པའི་འདམ་གཞུང་དམག་སྒར་དུ་གཡུགས་རྒྱུ་བྱས་ཤིང་དེ་ཡང་ས་དེར་ཟས་ལྷག་ཚལ་ལྷག་མང་བས་ཁྱི་ལྟོགས་ཤི་ཐེབས་མི་ཐུབ་པས་ཡིན། བཀྲ་ཤིས་དང་ཁ་ལོ་བས་ཁྱི་དེ་རས་སྒྱེ་ཆེན་པོ་ཞིག་གི་ནང་དུ་བླུགས་པ་དང་དབུགས་བསུབ་མ་ཐེབས་པའི་ཆེད་དུ་སྣོད་ཕད་ཀྱི་ཁ་ལྷུག་ལྷུག་ཏུ་བསྡམས། ཁྱི་དེས་རླངས་འཁོར་མཐོང་བ་དང་ཡང་བཀྲ་ཤིས་ཁོང་རང་གིས་དེའི་ནང་བླུགས་པ་སོགས་མཐོང་བས་ཧ་ལམ་བདག་པོ་དང་མཉམ་དུ་གནས་སྐོར་ལ་འགྲོ་བ་ཡིན་སྣང་སྐྱེས་པ་ལྟར་གང་བྱས་ཀྱང་ཁ་ལ་ཉན་པོས་དེའི་ནང་འཛུལ་སོང་། ཉིན་དེ་ནས་བཟུང་། སྒོ་ར་ཁ་ཁུ་སིམ་པོར་གྱུར་མོད། བཀྲ་ཤིས་སྐྱོ་སྣང་ལྷང་ལྷང་དུ་མི་གཞན་ལ་སྐད་ཆ་ཡང་མི་ཤོད། ཁྱི་གཅིག་ཤོས་ནི་མགོ་བོ་མར་ལ་གློད་དེ་སྐད་མི་འདོན་ལ་ལྟོ་ཡང་མི་བཟའ། སྒོ་རའི་ནང་གྲགས་རྒྱུ་ཐོས་རྒྱུ་གང་ཡང་མེད་ཅིང་དེར་བསྡོད་མཁན་རྣམས་ཀྱང་ཚུལ་དེར་མ་གོམས་པའི་སྣང་བ་ཞིག་ངང་གིས་སྐྱེས། ཟླ་བ་གསུམ་འདས་རྗེས་ལྷ་སར་དགུན་ཁ་ཚེས་སོང་། ཁ་བ་བབས་རྗེས་ཀྱི་ཞོགས་པར་རྒྱལ་སྒོ་དམ་པོར་གཏན་ཞིང་སྒོ་རའི་ནང་མི་རྣམས་ཕྱག་མ་འཁྱེར་ནས་གངས་འཕྱག་བཞིན་འདུག བཀྲ་ཤིས་ཀྱིས་རྒྱལ་སྒོ་ཕྱེ་བའི་སྐད་ཅིག་མ་དེར། ཀུན་གྱི་མིག་ཟུང་དབང་མེད་དུས་གཅིག་ཏུ་སྒོའི་ཕྱི་ན་ཁ་བའི་འདབ་མས་ལུས་པོར་ཁྱབ་པའི་འདྲིས་ཆ་ཡོད་པའི་ཁྱི་རྒྱ་དམར་དེར་བལྟས་སོང་། དེས་བཀྲ་ཤིས་མཐོང་མ་ཐག གངས་ཁྲོད་དུ་ཕར་ཚུར་རྒྱུགས་ཤིང་མགོ་བོ་དགྱེ་བ་དང་ལྕེ་སྣར་བ་དང་། བདག་པོ་དགའ་སྣང་གིས་ཁེངས་པའི་ཚུལ་དེ་མཐོང་བ་དང་མཇུག་མ་གཡུག་ཀྱིན་ས་ཐོག་གི་ཁ་བའི་འདབ་མ་གང་སར་འཐོར་བར་བྱས། དེ་ནས་སྒོ་རའི་ནང་གི་མི་ཚོགས་མཐོང་བ་དང་། ཡར་ལངས་ནས་ས་མཆོངས་གནམ་མཆོངས་དང་མཇུག་མ་རང་འགར་གཡུག་ཅིང་། མི་རེའི་མདུན་དུ་རྒྱུགས་ནས་དྲི་སྣོམ་པ་དང་སྙིང་ཉེ་ཁུལ་བྱེད་པ་ལས་དེ་སྔ་མི་རྣམས་ཀྱིས་ཁོར་སུན་སྣང་དང་ངོ་གདོང་ནག་པོ་བསྟན་པ་དེ་དག་ཡེ་ནས་རྩིས་མེད་དུ་བཏང་བ་དང་གཉིས་སུ་མ་མཆིས། ངས་ཕྱིས་སུ་ཁ་ལོ་བ་དེའི་ས་ནས་རྒྱུས་ལོན་བྱུང་བར། ཁོང་གིས་དངོས་གནས་ཉིན་གང་པོར་རླངས་འཁོར་སྐོར་ནས་སྤྱི་ལེ་ཉིས་བརྒྱ་བསྐྱོད་པ་དང་དགོང་མོར་འདམ་གཞུང་དམག་སྒར་དུ་ཞག་སྡོད་བྱས་ཏེ་ཁྱི་དེ་དེ་རུ་གློད་པ་དང་། སང་ཞོགས་ཞོགས་ཟས་བཟས་རྗེས་ཐོལ་པ་གཅིག་མངགས་པ་དེ་འཁྱེར་ནས་ཉིན་གང་ལྟོགས་པར་ལུས་པའི་ཁྱི་འཚོལ་བར་འགྲོ་དུས་དེའི་གྲིབ་མ་ཙམ་ཡང་མཐོང་ཡུལ་དུ་མ་གྱུར་ཟེར། དེས་ན་བདག་པོ་དྲན་པའི་ཁྱི་དེ་དགོང་མོ་དེ་རང་ལ་ཚུར་ལྷ་སར་བདག་པོ་འཚོལ་བའི་ལམ་ལ་ཐོན་པ་ཡིན་ངེས་རེད་ཅེས་ཁ་ཚོན་བཅད་ཆོག སྤྱི་ལེ་200ཡི་ལམ་ཐག་དེ་ནི་མི་མེད་ལུང་སྟོང་འགྲིམས་དགོས་ལ་ལ་ལུང་མཐོ་པོ་རྒྱག་དགོས། ཆུ་དང་གཙང་པོ་བརྒལ་དགོས་ལ་གྲོང་དང་ཟམ་པ་བརྒྱུད་དགོས། དེའི་རིང་རི་སྤྱང་གཅན་གཟན་འཕྲད་ཉེན་ཆེ་ལ་བཀྲེས་ལྟོགས་སྡུག་གིས་མནར་ཡང་སྲིད། ཐ་ན་མིའི་ཉེས་རྡུང་ལས་གཡོལ་དགོས་ཤིང་ཁྱི་འདིས་སྡུག་བསྔལ་དང་སེམས་ངལ། དཀའ་སྡུག་ཇི་ཙམ་མྱངས་དགོས་བྱུང་བ་བརྗོད་ནས་ག་ལ་ཚར་སྲིད། རང་གི་བདག་པོར་བློ་དཀར་ཟོལ་མེད་ཀྱི་བརྩེ་བ་བཅངས་ཤིང་། སྙིང་སྟོབས་དང་བློ་ཁོག སྤྱང་གྲུང་དོད་པོས་སྔོན་ཚོད་མེད་པ་ཡོད་ཚད་ལ་གདོང་གཏད་དེ་བདག་པོའི་ཕྱོགས་སུ་ལོག་ཡོང་པ་རེད་ཨང་། དེ་དུས་ངའི་སེམས་སུ་ང་ཚོས་དེ་སྔ་བརྩེ་བ་མངའ་ལ་རང་བཀུར་ལྡན་ཞིང་། ང་ཚོའི་སྒོ་ར་ཁང་ཁྱིམ་སྲུང་བའི་ཁྱི་འདིར་དེ་འདྲའི་མཐོང་མི་འདོད་པ་དང་སྣང་ཆུང་ངོ་ནག་བསྟན་པར་གནོང་འགྱོད་ཧ་ཅང་ཆེན་པོ་སྐྱེས་བྱུང་།

འགྲོ་བ་མི་དང་སྲོག་ཆགས་གཞན་ལ་ཁྱིམ་གཞིས་གཅིག་རང་ཡོད་པ་དེ་ནི་སའི་གོ་ལ་རེད། ཚེ་སྲོག་གང་འདྲ་ཞིག་ཡིན་རུང་དེ་ནི་སའི་གོ་ལའི་ཐོག་མེད་དུ་མི་རུང་བའི་བོར་མེད་ཀྱི་ཆ་ཤས་ཤིག་ཡིན་ལ། འགྲོ་བ་མིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པ་ནི་སའི་གོ་ལའི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་པ་ཡིན་ལ་རང་ཉིད་ལ་སྲུང་སྐྱོབ་བྱས་པ་ཡང་ཡིན། གནས་ལུགས་འདི་ཉིད་རྟོགས་ཏེ་ང་ཚོས་རང་ཉིད་འཚོ་གནས་ཀྱི་ཆེད་དུ་སེམས་པ་བཟང་པོ་བྱ་དགོས།


རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།