ཀྲུང་གོ་བོད་ཀྱི་དྲ་བ།

མཁས་དབང་རྟ་མགྲིན་རྒྱལ་མཆོག་གི་མཛད་རྣམ་མདོར་བསྡུས།

  རྩོམ་པ་པོ། : བཀྲ་ཤིས་དོན་གྲུབ།བསོད་ནམས་རྡོ་རྗེ།   སྤེལ་དུས། : 2019-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6.jpg

༄༅།།སྔ་འགྱུར་གཞུང་བརྒྱ་སྨྲ་བའི་མཁས་དབང་རྟ་མགྲིན་རྒྱལ་མཆོག་གི་མཛད་རྣམ་མདོར་བསྡུས་སྐལ་ལྡན་དང་བ་འདྲེན་པའི་སྐྱ་རེངས།

3.jpg

  ༄༅།།གང་གི་ཡོན་ཏན་ཟླ་བའི་མ་མའི་ཀློང་།། བདག་བློ་མགོ་སྐྱེས་རྩེ་མོས་གཞལ་མིན་ཀྱང་།།དེ་ལྟ་ན་ཡང་རྣམ་དག་དད་པའི་སྟོབས།། དཀར་ནག་རིས་སུ་ཕབ་ལ་ནོངས་ཅི་མཆིས།།ཁྱེད་སྐུ་རབ་བརྗིད་རྟ་བདུན་དབང་པོའི་རིས།། ཆོས་དབྱིངས་ཀུན་གསལ་སྒེག་མོའི་ལང་ཚོ་ལས།།འཛུམ་ཞལ་མངོན་དུས་དད་ལྡན་བུང་བའི་ཚོགས།། གསོ་དཔྱད་པད་ཚལ་རྒྱས་པའི་རྒྱན་དུ་མཛེས།།མགོན་གང་གསུང་གི་ལེགས་བཤད་འགགས་མེད་དབྱངས།། ཚངས་སྲས་བཞད་པའི་མགྲིན་ངག་ལ་དྲངས་ཏེ།།མ་བཅོས་སེམས་ཀྱི་ཕྱག་སོར་བསྐུལ་བའི་དགེས།། ཨ་ཧོ་བློ་གསལ་རི་དྭགས་ཕང་འགྲོའི་ཟླ།།ཟབ་ཡངས་ཐུགས་ཀྱི་ཆུ་གཏེར་ཆེན་པོའི་ཀློང་།། ཡོན་ཏན་མ་ལུས་ཕངས་མེད་སྦྱིན་པའི་ཆབ།།རྨོངས་པའི་སྐོམ་གདུང་ཞི་བར་མཛད་པའི་དྲིན།། ས་གསུམ་ཟོང་གིས་བཀང་ཡང་ཁུགས་སམ་ཅི།།ཞེས་སྙིགས་དུས་འདིར་ཡུལ་གངས་ཅན་གྱི་ལྗོངས་སུ་སྔ་འགྱུར་གཞུང་སྨྲ་བ་ལ་མི་འཇིགས་སྤོབས་པའི་ལྗགས་ཡངས་ཤིང་།གསོ་དཔྱད་བསྟན་པའི་རྒྱན་དུ་མཛེས་པའི་མགོན་གང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་བསྔགས་པ་སྔོན་དུ་སོང་སྟེ་གང་གླེང་བ་ནི།ཁོང་གི་རྣམ་ཐར་རྒྱ་མཚོ་ལ་བདག་བློ་ཀུ་ཤའི་རྩེ་མོས་ཅུང་ཟད་རེག་པའི་ཚུལ་འགོད་པ་ལ།གང་དུ་བལྟམས་པའི་ཡུལ་དང་། བཅུ་ཕྲག་རིག་པའི་གནས་ལ་གསན་བཞེས་གནང་ཚུལ།ཐུན་མོང་དང་ཐུན་མིན་གྱི་གཞུང་གཞན་ལ་འདོམས་པ་དང་སྐལ་ལྡན་གྱི་སློབ་བུ་བསྐྱངས་ཚུལ། གསོ་རིག་རྒྱུད་བཞིའི་བསྟན་པ་དག་ཐེར་མཛད་ཚུལ།བསྟན་པ་གསལ་བར་བྱེད་པའི་བསྟན་བཅོས་མཛད་ཚུལ་ཏེ་དོན་རྣམ་པ་ལྔའོ།།

4.jpg  

  དང་པོ་གང་དུ་བལྟམས་པའི་ཡུལ་ནི།བོད་གངས་ཅན་གྱི་ལྗོངས་འདིར་ཆོལ་ཁ་གསུམ་དུ་ཕྱེ་བའི་ཡ་གྱལ་མདོ་སྨད་གྱི་ལིང་རྟའི་ཆོལ་ཁའི་ལེ་ལག ཡུལ་མདོ་སྨད་ཀྱི་སྒྲུབ་པའི་ཤིང་རྟ་ཆེན་པོ་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་སྐུ་རིང་ནས་བཟུང་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར།བོད་མདོ་དབུས་ཁམས་གསུམ་ཀུན་ཏུ་སྔགས་མཁན་ཕུར་ཐོགས་སྟོང་གི་སྒྲུབ་སྡེར་ཁས་འཆེས་པའི་ཡུལ།རྨ་ལུང་དལ་འབབ་ཆུ་བོ་གསེར་ལྡན་གྱི་གཡས་འགྲམ་ན་གནའ་བོའི་དུས་ནས་གྲགས་པ་དཀར་པོའི་མེ་ཏོག་མ་རྙིང་བར་བཞད་པའི་གནས་མཆོག་གང་གི་སའི་ཆ།ད་ལྟའི་རྒྱལ་པོ་ཡུལ་ཚོའི་རླངས་ཚང་གི་རྒྱུད་དུ་ཕྱེ་དྲིའམ་དཔྱད་ཁྲི་གྲོང་ཚོར་ཡབ་བན་དེ་རྒྱལ་དང་ཡུམ་མྱིང་མེད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་མེ་ཕག་ལོ་སྟེ་ཕྱི་ལོ་1947ལོའི་ཟླ་6པའི་ཚེས་15ཉིན་སྐུ་བལྟམས་སོ།།
  གཉིས་པ་བཅུ་ཕྲག་རིག་པའི་གནས་ལ་གསན་བཞེས་གནང་ཚུལ་ནི།ཕྱི་ལོ་1955སྟེ་དམ་པ་གང་དགུང་ལོ་བརྒྱད་བཞེས་པའི་དུས་ནས་ཡུལ་དེའི་སློབ་ཆུང་འགྲིམས་པའི་དབུ་བརྩམས་ཤིང་།བོད་ཀྱི་དབྱངས་གསལ་སོ་བཞིའི་སྦྱོར་ཀློག་ནས་བརྩམས་ཏེ་དག་ཡིག་སོགས་ཆེས་རྨང་གཞིའི་ཤེས་བྱའི་གནས་ལ་བརྩོན་པ་རྡོ་རུས་ཐུག་པར་མཛད།ཕྱི་ལོ་1959སྟེ་དགུང་ལོ་བཅུ་གཉིས་ལ་སོན་དུས་ནུབ་བྱང་མི་རིགས་སློབ་ཆེན་འགྲིམས་པའི་སྐལ་བ་ལེགས་པར་ཐོབ་ནའང་།སྐབས་དེ་ནི་ཏག་ཏག་མི་སྡུག་དུས་ཀྱི་རླུང་འཚུབ་དྲག་ཏུ་རྒོད་ཅིང་།བྲེ་ཏ་པུ་རི་མི་ཡུལ་དུ་འཕོས་པ་ལྟར་ནད་མུག་གི་དུག་རླངས་སྤྲིན་ལྟར་འཐིབས་པའི་དུས་ཤིག་ལགས་པས།ཁོང་རང་ཡང་དེ་རུ་ལོ་གཅིག་ཙམ་ལས་བཅུ་ཕྲག་རིག་པའི་གནས་ལ་བརྩོན་པའི་སྐལ་བ་བྲལ། ཡང་དེ་ནས་མི་རིང་བར་ཁོང་དགུང་ལོ་བཅུ་དགུ་ནས་ཉེར་དགུ་སོན་པའི་སྐབས་ཏེ།ཕྱི་ལོ་1966ལོ་ནས་1976ལོའི་བར་དུ་རིག་གནས་གསར་བརྗེ་ཆེན་པོའི་སེར་བ་ཐོག་ལྟར་རྒོད་ནའང་།ཇི་སྐད་དུ། དགེ་བའི་ལོངས་སྤྱོད་འདོད་པའི་རྒྱལ་སྲས་ལ།།གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་དང་མཚུངས།། ཞེས་པ་ལྟར། ཁོང་གིས་བློ་དཀར་དང་བདེན་འཚོལ་གྱི་སྤོབས་པ་བོར་མ་མྱོང་ལ།རྣམ་བྱང་དང་རྟེན་འབྱུང་གི་སྙིང་པོ་དེ་བས་ཀྱང་བློ་ནས་བོར་མ་མྱོང་བར།དཀར་མེའི་ཟེར་དང་སྤོས་ཀྱི་འོད་ཙམ་ལ་བརྟེན་ནས་རེབ་གོང་ཡུལ་གྱི་གསར་རྙིང་གི་མཁས་བཙུན་ཕལ་མོ་ཆེའི་ཞབས་ལ་གཏུགས་ནས་བསྡུས་གྲྭ་དང་།ཚད་མ། དབུ་མ། ཕར་ཕྱིན། མངོན་པ། ལམ་རིམ་སོགས་དང་།རྣམ་མཁྱེན་ཤིང་རྟ་སོགས་རྒྱུད་སྡེ་ཕལ་ཆེ་བ་སྟེ་བཀའ་མདོ་རྒྱུད་གཉིས་དང་བཅས་བཅུ་ཕྲག་རིག་པའི་གནས་ལ་ཁོང་གི་སྙིང་དང་ཡ་ཐོད་ཀྱི་མིག་ལྟར་སྲུང་ཞིང་།མི་ལྡོག་བརྟན་པའི་བརྩོན་འགྲུས་ཀྱི་གོ་ཆ་ལེགས་པར་བགོས།

  ཕྱི་ལོ་1977ཏེ་དགུང་ལོ་སུམ་ཅུ་ལ་སོན་དུས་མི་སྡུག་དུས་ཀྱི་རླུང་འཚུབ་རེ་ཞིག་འཇགས་པས།ཁོང་གིས་ཕྱེ་དྲི་ཞེས་པའི་གྲོང་ཚོ་དེ་རུ་རྐང་རྗེན་སྨན་པའི་ལས་ཁུར་དུ་བཞེས་ཤིང་། རྒྱལ་སྲས་བྱང་ཆུང་སེམས་དཔའི་སྤྱོད་པ་ཁོ་ནས་ཕྱོགས་གང་ས་ནས་ལྷགས་པའི་ཉམ་ཐག་ནད་པོ་མང་པོ་མི་འདོད་ནད་ཀྱི་དུཿཁ་ལས་གྲོལ་བར་མཛད།དེ་ལྟ་ནའང་རྒྱ་མཚོ་ཆེན་པོ་ཆུ་ཡིས་མི་ངོམས་པ་ལྟར་ཁོང་ཉིད་བཅུ་ཕྲག་རིག་པའི་གནས་ལ་སྐོམ་པ་ཆུ་འདོད་ལྟར་ལགས་པས།རེབ་གོང་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་སྨན་རྒན་དྲུང་ཡིག་རྒྱ་མཚོ་མཆོག་དང་།ཨ་ཁུ་འོད་ཟེར་ཚང་། དགེ་བཤེས་ཆེན་མོ་དབྱིག་གཉེན་སོགས་མཉེས་པ་གསུམ་གྱིས་ལེགས་པར་བསྟེན་ཏེ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལག་ལེན་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད།ཁྱད་པར་མདོ་སྨད་དུ་མཁས་པའི་སྙན་གྲགས་ཀྱི་བ་དན་དཀར་པོ་ཕྱོགས་སུ་བསྐྱོད་པའི་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་དུ་རྒྱུད་ཆུང་གསུམ་དང་།མན་ངག་རྒྱུད་ལས་ཉེས་གསུམ་གསོ་བའི་འཆད་ཚུལ་ཐུན་མོང་མ་ཡིན་པ་རྣམས་གསན་བསམ་གནང་བའི་སྐལ་བ་ཐོབ།ཞོར་དུ་སྙན་ངག་སོགས་རིག་གནས་ཆུང་བ་དག་ལའང་སྦྱང་བརྩོན་མི་དམན་པ་མཛད།
  དགུང་ལོ་སོ་བདུན་བཞེས་པའི་དུས་ཏེ་ཕྱི་ལོ་1984ལོར་གངས་ཅན་གསོ་རིག་སྨྲ་བའི་ཁྱུ་མཆོག་མཁན་ཆེན་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་མཆོག་རེབ་གོང་ཡུལ་དུ་ཕྱག་ཕེབས་ཏེ་གཡུ་ཐོག་སྙིང་ཐིག་གི་བཀའ་དབང་དང་།དཔལ་ལྡན་རྒྱུད་བཞིའི་འགྲེལ་བཤད། ཁྱད་པར་བདུད་རྩི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཆོ་ག་ལག་ལེན་དམར་ཁྲིད་རྒྱས་པར་གནང་བའི་སྐང་བཟང་བརྙེས།
  དགུང་ལོ་ཞེ་གསུམ་བཞེས་པ་ཕྱི་ལོར་1990ལོར།བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དུ་ཕེབས་ཏེ། མཁན་ཆེན་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་དང་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་རྣམ་གཉིས་ཀྱི་དྲུང་དུ་གསོ་བ་རིག་པའི་དཀའ་གནད་དང་།རྒྱུད་རྒྱལ་གསང་བ་སྙིང་བོའི་འགྲེལ་ཆེན་གསུམ། མན་ངག་ལྟ་བའི་ཕྲེང་བ། གཞན་དགའི་སྤྱོད་འཇུག་གི་འགྲེལ་བ།བློ་སྦྱོང་དོན་བདུན་མ་སོགས་ཐོབ་པར་དཀའ་བའི་གཞུང་གདམས་རྣམས་ལེགས་པར་མནོས་ཤིང་།མཁན་ཆེན་རྣམ་གཉིས་ནས་ཁོང་ཉིད་ལ་གཞན་ལས་ཐུགས་བརྩེ་བར་མཛད།

  གསུམ་པ་ཐུན་མོང་དང་ཐུན་མིན་གྱི་གཞུང་གཞན་ལ་འདོམས་པ་དང་བུ་སློབ་བསྐྱངས་ཚུལ་ནི།ཕྱི་ལོ་1984སྟེ་ཁོང་ཉིད་དགུང་ལོ་སོ་བདུན་བཞེས་པའི་སྐབས་ནས་རྨ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭའི་དགེ་རྒན་དུ་བཞུགས་ཤིང་།དེ་རུ་གསོ་རིག་དགེ་རྒན་གྱི་འགན་བཞེས་པ་ནས་བཟུང་སྨན་པའི་འཛིན་གྲྭ་བདུན་དང་།ནད་གཡོག་གི་འཛིན་གྲྭ་གསུམ། གྲོང་གསེབ་སྨན་པའི་འཛིན་གྲྭ་གཉིས།རབ་བྱུང་བཙུན་པའི་འཛིན་གྲྭ་གཅིག་སྟེ་བསྡོམས་པས་སློབ་མ་དྲུག་བརྒྱ་ལྷག་ལ་དཔལ་ལྡན་རྒྱུད་བཞི་སྲོག་ཤིང་དུ་བྱས་པའི་བོད་ལུགས་གསོ་རིག་གི་གཞུང་དང་ལག་ལེན་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང་།

  དགུང་ལོ་ང་གཅིག་བཞེས་པ་ཕྱི་ལོ་1998ལོར། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དབུ་ཁྲིད་དང་དགེ་སློབ་མང་པོས་ཡང་ཡང་རེ་ཞུ་བྱས་པའི་ངོར་སློབ་གླིང་དེར་དངོས་སུ་ཕྱག་ལས་བསྒྱུར་བ་ནས་བཟུང་སྔ་རྗེས་སུ་ཆེད་ཚན་དང་།དངོས་གཞི། རབ་འབྱམས་ཞིབ་འཇུག་སློབ་མ། འབུམ་རམས་ཞིབ་འཇུག་སློབ་མ་སོ་སོར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀུན་གྱི་ཕྱི་མོ་སྟེ་དཔལ་ལྡན་རྒྱུད་བཞི་གཙོས་འཇུ་མི་ཕམ་གྱི་མཁས་པ་ལ་འཇུག་པའི་སྒོ་དང་།ས་པཎ་གྱི་ཚད་མ་རིགས་གཏེར་སོགས་འཆད་ཁྲིད་གནང་སྟེ་བོད་ཀྱི་གསོ་བ་རིག་པའི་རྐང་འཛིན་པ་མང་པོ་སྐྱེད་སྲིང་མཛད་ཅིང་།ཁྱད་པར་བོད་ཀྱི་གསོ་བ་རིག་པའི་གཞུང་གི་དཀའ་གནད་རྣམས་ལ་ཟབ་མོ་ནང་དོན་དང་།རྡོ་རྗེ་ལུས་ཀྱི་སྦས་བཤད་སོགས་ཐུན་མིན་གཞུང་གི་དགོངས་པས་ཟུར་བརྒྱན་ཏེ།རླུང་མཁྲིས་བད་ཀན་གསུམ་གྱི་ཉེར་ལེན་གྱི་རྒྱུར་གྱུར་པའི་སྲོག་ཆེན་པོའི་རླུང་ངམ་སྲོག་རླུང་ཨ་ཡིག་ཅན་སོགས་ཀྱི་གནད་ལ་དཔྱད་པ་མཐར་ཕྱིན་པ་མཛད་དེ།རླུང་མཁྲིས་བད་ཀན་གསུམ་གྱི་ངོ་བོ་དང་བྱེད་ལས།མཚན་ཉིད་སོགས་ཡུལ་གངས་ཅན་གྱི་ལྗོངས་འདིར་སུས་ཀྱང་གསུངས་མ་མྱོང་བའི་མན་ངག་མཁའ་འགྲོའི་ཁ་རླངས་འཐུལ་བ་ལྟ་བུ་མང་པོ་གནང་སྟེ་ཟབ་མོའི་རྒྱ་གྲོལ་ཅིང་།མན་ངག་གི་གནད་ཕྱུངས་ལ། རིག་པའི་སྒོ་ཡངས་པོར་ཕྱེ་བ་སོགས་ཀྱི་སྒོ་ནས་གཞུང་གི་དཀའ་གནད་དང་དོགས་གནད་རྣམས་ལ་སྒྲོ་འདོགས་བཅད་དེ་དཔལ་ལྡན་རྒྱུད་བཞིའི་འཕྲིན་ལས་རྒྱ་ཆེར་སྤེལ།
  དགུང་ལོ་དྲུག་ཅུ་བཞེས་པ་ཕྱི་ལོ་2007ལོའི་སྔ་རྗེས་སུ་ཐེངས་དུ་མར་དགོན་ལ་ཁའི་ཀློང་ཆེན་བཤད་གྲྭར་ཕེབས་ཏེ་གྲྭ་བ་དང་སྔགས་པ་ཡོངས་ལ་ཀུན་བཟང་བླ་མའི་ཞལ་ལུང་དང་།རིག་འཛིན་བསྙེན་ཡིག་སོགས་ཀྱི་ཁྲིད་བུམ་པ་གང་བྱོའི་ཚུལ་དུ་རྒྱས་པར་གནང་ཞིང་།ཡུལ་དེའི་མི་མང་པོ་མ་བྱིན་པར་ལེན་པ་སོགས་མི་དགེའི་ལས་ལས་བློ་ལྡོག་སྟེ་ཡ་རབས་ལེགས་པའི་ལམ་ལ་དཀྲི་བར་མཛད་ཅེས་ཡུལ་མིའི་ངག་ལས་ཐོས།
  ཁོང་ཉིད་ཤེས་བྱའི་གནས་ལ་མཁྱེན་པ་རྒྱས་ཤིང་།མི་འཇིགས་སྨྲ་བའི་སྤོབས་པའི་དཔངས་མཐོ་བས། ལས་གནས་ལས་སྐུ་ངལ་གསོས་རྗེས།བོད་ཀྱི་གསོ་བ་རིག་པའི་གཞུང་དང་ནང་དོན་རིག་པའི་གནས་ལ་མོས་པའི་དད་ལྡན་པ་རྣམས་ལ་དམིགས་ཏེ།ཕྱེ་དྲི་སྒང་ངམ་པཎ་ཆེན་སྐུ་ཕྲེང་བ་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ཞབས་ཀྱིས་བཅགས་ཤིང་།སྐུ་དངོས་ཀྱིས་རྟེན་བཟང་ལ་ཁ་ཞེས་འབོད་པའི་ཆོས་ཀྱི་འདུན་ས་དེར་གཡུ་ཐོག་བསླབ་གྲྭ་ཞེས་པ་གསར་འཛུགས་གནང་ཞིང་།ཡུལ་དེའི་སྔགས་པ་དང་སྔགས་མ།ཡུལ་དུས་སོགས་ཀྱི་བསྐལ་པས་སློར་གྲྭར་འགྲིམས་མ་མྱོང་བ་དང་།ཤེས་བྱའི་གནས་ལ་དད་པའི་སྟོབས་མངའ་བ་དག་ལ་ཁོང་ཉིད་ཀྱིས་ལེགས་པར་ཁྲིགས་སུ་བསྡེབས་པ་གང་ཞིགརྒྱ་གར་གྱི་སློབ་དཔོན་སའི་རྩ་ལག་དང་ཐོགས་མེད་སྐུ་མཆེད་ཀྱི་དགོངས་པའི་སྙིང་པོ་ཕྱུངས་ཤིང་།མི་ཕམ་འཇམ་པའི་དབྱངས་ཀྱི་མཁས་པ་ལ་འཇུག་པའི་སྒོ་སོགས་ཀྱི་བཅུད་འདུས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ཅེས་པ་དང་།ཀུན་བཟང་བླ་མའི་ཞལ་ལུང་། རྩ་བ་གསུམ་གྱི་བསྙེན་ཡིག བསྐྱེད་རིམ་དང་རྫོགས་རིམ་གྱི་ཟིན་བྲིས། ཡེ་ཤེས་བླ་མ།སུམ་རྟགས་དག་གསུམ་སོགས་ལུང་དང་ཁྲིད་དཔེ་མཁྱུད་མེད་པར་གནང་བ་ལགས་སོ།།
  རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་།མཚོ་ལྷོ་ཁུལ་བོད་སྨན་ཁང་། བྲག་དཀར་རྫོང་བོད་སྨན་ཁང་། ཀན་ལྷོ་ཁུལ་བོད་སྨན་ཁང་བཅས་ཀྱིས་སྔ་ཕྱིར་གདན་འདྲེན་བྱས་པ་ལྟར་ཕྱག་ཕེབས་ཏེ།བོད་ལུགས་གསོ་བ་རིག་པའི་གཞུང་གི་ཉེས་གསུམ་གྱི་རྣམ་རྣམ་བཞག་གཙོར་བྱས་དཀའ་བའི་གནད་རྣམས་གྲོལ་བར་མཛད།དེའི་རྗེས་སུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གདན་འདྲེན་ཞུསས་ཀྱང་གདུལ་བྱ་བསོད་ནམས་དམན་པའི་གེགས་སམ་ཁོང་ཉིད་མི་འདོད་ནད་ཀྱི་གདུང་བ་དྲག་པོས་ཡང་ཡང་མནར་བར་རྐྱེན་བྱས་ཕྱག་ཕེབས་པའི་སྐལ་བ་རིང་དུ་གྱེས།
   དགུང་ལོ་དོན་གཅིག་བཞེས་པ་ཕྱི་ལོ་2018ལོའི་ཟླ་8པའི་ཚེས་6ཉིན། མཚོ་སྔོན་ཞིང་ཆེན་འབའ་རྫོང་བོད་སྨན་ཁང་གི་སྨན་པ་ལྷན་རྒྱས་ཡོངས་ནས་ཡང་ཡང་བསྐུལ་ཞིང་གསོལ་བ་ཕུར་ཚུགས་སུ་བཏབ་པའི་ངོར་ཡུལ་གང་དུ་ཕྱག་ཕེབས་ཏེ།དེར་བཞུགས་ཀྱི་སྨན་པ་རྒན་དར་གཞོན་གསུམ་རྣམས་གཙོར་བྱས་ཕྱོགས་བཞི་ནས་ལྷགས་པའི་སྐལ་ལྡན་དོན་གཉེར་ཅན་དག་ལ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་གཟུགས་ཀྱི་ཕུང་པོའི་སྐོར་དང་།བོད་ལུགས་གསོ་རིག་གི་ཉེས་གསུམ་གྱི་རྣམ་བཞག་གི་ལུང་དང་ཁྲིད་གཉིས་རྒྱས་པར་གནང་ལ།ཁམས་གཙང་འབྲུག་རྒྱལ་གྱི་མན་ངག་ཕན་བདེ་སྙེ་མ་ལས་གཉན་རིམས་སྐོར་གྱི་ལུང་ཆ་ཚང་གནང་།
   བཞི་པ་གསོ་རིག་རྒྱུད་བཞིའི་བསྟན་པ་ལ་དག་ཐེར་མཛད་ཚུལ་ནི། ཁོང་ཉིད་སྐུ་འཚོ་བཞུགས་ཀྱི་དུས་ནི་མི་སྡུག་དུས་ཀྱི་རླུང་འཚུབ་དྲག་ཏུ་ལྡང་བའི་སྐབས་ཤིག་ལགས་ལ།དུས་དེ་ཙམ་ལ་བོད་ཀྱི་རིག་གཞུང་སྤྱིར་གོད་ཆག་མིའི་བློར་མི་ཤོང་བ་ཐེབས་བཞིན་ཡོད་པས།གསོ་རིག་གི་བསྟན་བཅོས་རྣམས་ཀྱང་མིའི་མིག་བསོད་དུ་རང་དགར་འགྱུར་དཀའ་ཞིང་།བརྒྱ་ལམ་ན་གཅིག་གཉིས་ཙམ་སྣང་བ་ཡང་ཁ་འཐོར་དུ་གནས་པའམ།མི་འགའ་རེས་བདག་ཏུ་བཟུང་བའི་ཚུལ་དུ་སྣང་བས།ཡུལ་མདོ་སྨད་ཀྱི་ལྗོངས་སུ་དཔལ་ལྡན་རྒྱུད་བཞིའི་དོན་ལ་གོ་བ་རྣལ་མ་ཞིག་ལོན་རྒྱུ་ཕར་ཟད།གང་གི་ཚིག་ཙམ་ཡང་ཡོངས་སུ་དག་པར་ཀློག་པ་ལ་གདེང་མེད་པ་སོགས་ལ་ཁོང་གིས་ཐུགས་བརྩེ་བས་དགོངས་ཏེ།ཁོང་གི་ཞལ་ནས། རྒྱུད་བཞིའི་རྣམ་བཤད་འདིར་རྩ་གཞུང་གི་དགོངས་དོན་ལེན་ཚུལ་དང་། ཉམས་མྱོང་གི་གནད་ཡིགམན་ངག་གི་ཟབ་ཁྱད།དམར་ཁྲིད་ཀྱི་ལག་ལེན་སོགས་དོན་འདུས་པས་དཔེ་མང་འཚོལ་བའི་ངལ་བ་མི་དགོས་པར་གཅིག་ཤེས་ཀུན་གྲོལ་གྱི་གདམས་པ་མང་བ་དང་།ཐོས་པར་འདོད་པ་ལ་རིགས་པའི་རྒྱ་མཚོ། བསམ་པར་འདོད་པ་ལ་སེམས་ཀྱི་གྲུ་གཟིངས།གོམས་པར་འདོད་པ་ལ་མན་ངག་གི་ནོར་བུ། དཔྱད་པར་འདོད་པ་ལ་དྭངས་གསལ་ཤེལ་གྱི་མེ་ལོང་ལྟ་བུར་འདུག་ཅེས་སྐྱེམ་པའི་རྒྱུད་བཞིའི་འབྲུ་འགྲེལ་གང་ཉིད་རྒྱུད་བཞིའི་འགྲེལ་བ་ཀུན་ལས་མཆོག་ཏུ་བསྔགས་པ་བཞིན་ལུང་རིགས་མན་ངག་གིས་ཕྱུག་ཅིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངའ་བའི་སྐྱེམ་པ་ཚེ་དབང་གི་རྒྱུད་བཞིའི་རྣམ་བཤད་ལ་ཞུ་དག་ལེགས་པར་མཛད་དེ་དཔེ་སྐྲུན་འགྲེམས་སྤེལ་གནང་བ་དེས་བོད་ཁམས་སྤྱི་དང་ཁྱད་པར་མདོ་སྨད་ཀྱི་གསོ་རིག་བསྟན་པའི་དགོངས་པ་དྲི་མ་མེད་པར་རྒྱུད་འཛིན་དང་གོང་དུ་སྤེལ་བ་ལ་གཞན་དྲིངས་མི་འཇོག་པའི་མཛད་རྗེས་བླ་ན་མཐོ་བ་མ་ཟད།མཚོ་སྔོན་སློབ་གྲྭ་ཆེན་མོའི་བོད་ཀྱི་གསོ་རིག་ཆེད་ལས་ཞིབ་འཇུག་སློབ་མའི་མུ་འབྲེལ་སློབ་དེབ་ལས་སྨན་དཔྱད་གསུང་རབ་གཅེས་བཏུས་ཞེས་པ་དང་།བོད་ལུགས་གསོ་བ་རིག་པའི་ཆེད་ལས་ཀྱི་དུས་རབས་ཉེར་གཅིག་པའི་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ་ལས་ཚ་བ་གསོ་བ་དང་།ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་སྟེ་བསླབ་དེབ་རིན་ཐང་བྲལ་བ་རྩོམ་སྒྲིག་མཛད་ཅིང་། ཁྱད་པར་མདོ་སྨད་མང་གཞུང་ནས་ཡིན་པའི་ལྷ་རྗེ་མཁས་དབང་བྱམས་པ་འཕྲིན་ལས་ཞུ་བས།རང་རེ་མཚོ་སྔོན་འཛིན་མའི་ཁྱོན་ལ་གནས་པའི་འཚོ་བྱེད་ཡོངས་ལ་དཔལ་ལྡན་རྒྱུད་བཞི་ལས་རྩ་རྒྱུད་ཐད་ཀྱི་འགྲེལ་ཆེན་བཻ་སྔོན་གཞུང་ལ་དོགས་པ་སློང་བའི་དྲི་ཚིག་སྟེ།འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན་ཞེས་དཔལ་ལྡན་རྒྱུད་བཞིའི་གླེང་གཞིའི་མགོར་གསལ་བའི་ཚིག་ལ་པར་མ་མི་འདྲ་བ་ལས་བཤད་པ་དང་ཐོས་པ་ཞེས་གཉིས་བྱུང་བར་གང་ཞིག་འཐད་པའི་སྐོར་དང་།སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་གི་ངོས་འཛིན། འཁོར་སྡེ་བཞིའི་ལྷའི་འཁོར་ལས་ལྷའི་སྨན་པ་ཐ་སྐར་གྱི་བུའི་ངོས་འཛིན་སྐོར་སོགས་བཀྲ་ཤིས་པའི་གྲངས་སུ་བྱས་ཏེ་ཕུལ་བ་ལ།མཁས་པ་གཞན་རྣམས་ཅང་མེད་སྨྲ་བའི་བརྟུལ་ཞུགས་སུ་གནས་པའི་དུས་ལ།ཁོང་ཉིད་ཀྱིས་མཛད་པའི་དཔྱད་ལན་ཡིད་ཀྱི་མུན་སེལ་ཞེས་པ་བསྐལ་བའི་མེ་དཔུང་བཞིན་དྲི་བའི་ཚང་ཚིང་ཐལ་བའི་ཕུང་བོར་བྱས་པ་སོགས་ཀྱི་མཛད་འཕྲིན་བླ་ན་མཐོ།
  ལྔ་པ་བསྟན་པ་གསལ་བར་བྱེད་པའི་བསྟན་བཅོས་མཛད་ཚུལ་ནི།བུ་སློབ་རྣམས་བརྩོན་པ་དམན་ཞིང་།ཁོང་ཉིད་གྲགས་སྐམ་འུད་ལ་སྔར་ནས་བློ་ལྡོག་པའི་རྐྱེན་དང་། མི་འདོད་ནད་ཀྱི་གདུང་བ་དྲག་པོས་ཡང་ཡང་གཙེས་པའི་མུར།རྩོམ་པའི་འཕྲིན་ལས་ཆེར་བསྐྱངས་མ་ནུས་པས་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ཅེས་པའི་དེབ་གཅིག་དང་།གཞན་ཟབ་མོ་སྔགས་རྒྱུད་ནས་གསུངས་པའི་འབྱུང་བ་རླུང་གི་གོ་དོན་གནད་བསྡུས་སུ་གླེང་བ་ཞེས་པ་དང་།ཉེས་གསུམ་གྱི་བྱུང་པ་དང་མཚན་ཉིད། བྱེད་ལས་བཅས་བཤད་པ། བོད་ཡུལ་འདི་རྗེ་བཙུན་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡིན་པའི་རྒྱུ་མཚན་གནད་བསྡུས་ཙམ་བརྗོད་པ།རྩ་དཀར་ནད་ཀྱི་བཅོས་ཚུལ་གནད་བསྡུས། སྦྲང་ཆར་དུས་དེབ་ཀྱི་ཤེས་རབ་རྒན་པོའི་འབེལ་གཏམ་གྱི་ལེ་ཚན་དུ་བཀོད་པའི་དྲིས་ལན་ཕྱོགས་བསྡུས།དཔལ་ལྡན་རྒྱུད་བཞི་ལས་རྩ་བ་ཐུགས་རྒྱུད་ཀྱི་དྲི་བ་འགའ་ཞེས་པའི་དཔྱད་ལན་ཡིད་ཀྱི་མུན་སེལ་སོགས་རེ་འགའ་ལས་སྐལ་ལྡན་དོན་གཉེར་ཅན་དག་གི་མིག་བསོད་དུ་མ་གྱུར་བར་དམིགས་ཏེ།ཁོང་གི་སློབ་མའི་གྲལ་མཐར་ཉུལ་བ་དགེ་མིང་འཛིན་པ་བཀྲ་ཤིས་དོན་གྲུབ་དང་།བསོད་ནམས་རྡོ་རྗེ་གཉིས་ཀྱིས་མི་ལོ་གཉིས་ལྷག་གི་ཡུན་ལ་གསོ་རིག་གཞན་གྱིས་གླེང་མ་མྱོང་པའི་རླུང་མཁྲིས་བད་ཀན་གསུམ་གྱི་རྣམ་བཞག་ཅེས་པ་དང་། གསོ་བ་རིག་པའི་བརྗོད་བྱ་ཡན་ལག་བརྒྱད་ཀྱི་རྩ་བར་གྱུར་པ་རླུང་མཁྲིས་བད་ཀན་གསུམ་གྱི་རྣམ་བཞག  གྲུབ་པ་ལུས་ལས་འཕྲོས་པའི་རྟེན་འབྲེལ་གྱི་སྒོ་ནས་ལུས་ལེན་ཚུལ་བཤད་པ།གསོ་རིག་སྐོར་གྱི་དཀའ་གནད་ཁག་ཅིག་གི་དྲིས་ལན།བོད་ཀྱི་གསོ་རིག་གི་བྱ་བ་སྤྱོད་ལམ་དང་སེམས་ཁམས་གསོ་རིག་སྐོར་གླེང་བ། གདོན་ནད་ཀྱི་ངོས་འཛིན་གནད་བསྡུས་སུ་གླེང་བ།གཉན་རིམས་ནད་ཀྱི་ངོས་འཛིན་སོགས་ཁོང་གིས་གསུངས་པ་གང་སྒྲར་ཕབ་ཟིན་པ་རྣམས་ཡི་གེའི་གཟུགས་སུ་ཕབ་ཅིང་།ཁོང་གི་ཟིན་བྲིས་རྣམས་ལེགས་པར་ཁྲིགས་སུ་བསྡེབས་ཏེ་ཕྱོགས་སུ་བསྒྲིགས་པའི་སྔ་འགྱུར་གཞུང་བརྒྱ་སྨྲ་བའི་མཁས་དབང་རྟ་མགྲིན་རྒྱལ་མཆོག་གི་གསུང་རྩོམ་ཕྱོགས་བསྒྲིགས་ལྷག་བསམ་དུང་གི་ཟླ་བ་ཞེས་པ་ཀུན་གྱི་སྤྱན་སྔར་དགྲམ་འཆར་ཡོད་པ་ལགས་སོ།།
  ཁོང་ཉིད་སྐུ་འཚོ་བཞེས་ཀྱི་རིང་ལ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་།རབ་འབྱམས་ཞིབ་འཇུག་སློབ་མ་དང་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན།མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ།ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་ཀྱི་བློ་འདྲི་མཁས་ཆེན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་བཞིན་བོད་ཀྱི་གསོ་བ་རིག་པའི་བསྟན་པ་གོང་དུ་སྤེལ་བའི་མུར་རྣམ་ཐར་གྲགས་པའི་འོད་དཀར་གྱིས་གངས་ལྗོངས་སྐྱེ་རྒུའི་ཚ་གདུང་འཇིལ་བའི་འཕྲིན་ལས་མཐའ་དག་རེ་ཞིག་གྲུབ་སྟེ་བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོ་སྟེ་དགུང་ལོ་དོན་གཉིས་བཞེས་པའི་ཕྱི་ལོ་2019ལོའི་ཟླ་1པོའི་ཚེས་6ཉིན་གྱི་ཉིན་གུང་གི་ཆུ་ཚོད་12པའི་ཡས་མས་སུ་གཟུགས་སྐུའི་བཀོད་པ་རེ་ཞིག་བསྡུ་བའི་ཚུལ་བསྟན་ཏོ།། ཞེས་ཁོང་གི་སློབ་མའི་གྲལ་མཐའ་འཛིན་པ་བཀྲ་ཤིས་དོན་གྲུབ་དང་བསོད་ནམས་རྡོ་རྗེ་གཉིས་ནས་དད་པའི་ས་བོན་ཙམ་དུ་སྦྱར་བ་དགེ་ལེགས་འཕེལ།མངྒ་ལཾ།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།