ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་མེད་ཙོང་ཁ་པ་ཆེན་པོའི་ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་རྗེས་ཀྱི་རེ་ཁྭ་བརྗེད་ཕངས་པ་འགའ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་བཞུགས་སོ།།(དང་པོ།) 

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : དོ་རྒྱ་བསོད་ནམས་ཚེ་རིང་།   སྤེལ་དུས། : 2017-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1502958653516905.jpg

དོ་རྒྱ་བསོད་ནམས་ཚེ་རིང་ལགས་ནི1965ལོར་ཟླ11པར་མདོ་སྨད་གཅན་ཚའི་ཡུལ་དུ་སྐྱེས།  སྔ་རྗེས་སུ་གཅན་ཚ་རྫོང་དོ་རྒྱ་སློབ་ཆུང་དང༌་གཅན་ཚ་རྫོང་མི་རིགས་སློབ་འབྲིང༌་།   རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ།  མཚོ་སྔོན་སློབ་གསོ་སློབ་གླིང༌་།  མཚོ་སྔོན་མི་རིགས་སློབ་གླིང༌་།  ལྡེའུ་ཚ་དགོན་པ།  གསང་སྒྲོག་དགོན་པ།  མཚོ་སྔོན་དགེ་ཐོན་སློབ་ཆེན།  ཧྥུའུ་ཅན་དགེ་ཐོན་སློབ་ཆེན་བཅས་ནས་སློབ་སྦྱོང་བྱས་མྱོང༌་།  1986ལོའི་ཟླ7པ་ནས་བྱ་བའི་ལས་རྐང་དུ་ཞུགས་ཤིང་། སྔ་རྗེས་སུ་གཅན་ཚ་རྫོང་དོ་རྒྱ་སློབ་ཁུལ་དང་གཅན་ཚ་རྫོང་མི་རིགས་སློབ་འབྲིང༌་།  གཅན་ཚ་རྫོང་སློབ་གསོ་ཅུའུ་ཁྲིད་དཔྱོད་ཁང༌་།  གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནས་སློབ་ཁྲིད་སློབ་གསོའི་བྱ་བ་བསྒྲུབས། 1993ལོའི་ཟླ3པ་ནས་གཅན་ཚ་རྫོང་དོ་རྒྱ་སློབ་ཁུལ་དང༌་།  1999ལོའི་ཟླ8པ་ནས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནས་སློབ་གཙོའི་འགན་ཁུར། མིག་སྔར་གཅན་ཚ་རྫོང་སློབ་སྡུད་གཞུང་སྒྲུབ་ཁང་དུ་མི་རིགས་ཀྱི་སློབ་གསོའི་བྱ་བ་སྒྲུབ་བཞིན་ཡོད། ད་སྔའི་བར་ཕྱོགས་བསྒྲིགས་བྱས་པའི་དཔེ་ཆ་ལ《གཅན་ཚའི་གནས་ཡིག》དང《གཅན་ཚའི་མདའ་རྩེད》།  རང་གིས་བརྩམས་པའི་དཔེ་ཆ་ལ《སྐྱ་བོའི་སློབ་གསོ》སོགས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་ལེགས་ཤོས་ཐོག་མ་བཅུ་དང༌་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་ཅན་སོགས་ཀྱི་བྱ་དགའ་ཡང་མང་པོ་ཐོབ་མྱོང་། ། 


 མཉམ་མེད་ཙོང་ཁ་པ་ཆེན་པོའི་ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་རྗེས་ཀྱི་རེ་ཁྭ་བརྗེད་ཕངས་པ་འགའ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་བཞུགས་སོ།། 

དོ་རྒྱ་བསོད་ནམས་ཚེ་རིང་།   

 ༢༠༡༧ལོའི་ཟླ༧ཚེས༡༣ཉིན།  མདོ་སྨད་གཅན་ཚ།

མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པ་དང་།   བྱ་ཁྱུང་ཨ་ལགས་དགེ་བཤེས་རིན་པོ་ཆེ།  དགེ་བའི་བཤེས་གཉེན་དང་།  དགེ་རྒན་ཆེན་མོ།   ཞིབ་འཇུག་པ།  སྐུ་མགྲོན་རྣམ་པ།    

ཆོས་རྗེ་དོན་གྲུབ་རིན་ཆེན(1309-1385)ནི་མདོ་སྨད་ཡུལ་དུ་སྐུ་འཁྲུངས་ཤིང་ལོ་ན་གཞོན་པའི་དུས་ནས་དབུས་གཙང་དག་པའི་ཞིང་དུ་བྱོན་ཏེ་མཆིམས་བློ་བཟང་གྲགས་པ་སོགས་དགེ་བའི་བཤེས་གཉེན་མང་པོ་ཚུལ་བཞིན་དུ་བསྟེན་ནས་མཁས་པའི་ཕ་རོལ་ཏུ་སོན་ལ།  ལྷག་པར་ཏུ་ཞྭ་ལུར་གྲྭ་སྐོར་ལ་བྱོན་ཏེ་བུ་སྟོན་ཐམས་ཅན་མཁྱེན་པ་དང་ཆོས་ཀྱི་བགྲོ་གླེང་མཛད་པ་ནས་ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཞེས་མཚན་སྙན་གྲགས་ཆེས་ཆེར་རྒྱས་ནའང།   ཡིད་ཕངས་པ་ཞིག་ལ།   ཁོང་གི་སློབ་མ་རྣམས་ཀྱིས་རྣམ་ཐར་ལ་དེ་འདྲའི་དང་དོད་ཅིག་མ་བྱས་པར་མངོན།  རྗེས་སུ་ཁོང་གི་སྲས་ཀྱི་ཐུ་བོ་མཉམ་མེད་ཙོང་ཁ་བ་ཆེན་པོའི་མཚན་སྙན་གྲགས་སྟོང་གསུམ་ཁམས་ལ་ཁྱབ་པ་དང་མཉམ་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྣམ་ཐར་ལའང་མཉམ་འཇོག་བྱེད་མཁན་རེ་གཉིས་ཤིག་བྱུང་ནའང་དེ་འདྲའི་གསལ་ཐག་ཆོད་པ་ཞིག་འབྲི་མ་ཐུབ།  དེའི་སྟབས་ཀྱིས་ཁོང་གི་བྱེ་བྲག་གི་འཁྲུངས་ཡུལ་ཡང་ད་ལྟའི་བར་དུ་གསལ་བོ་ཞིག་བཤད་རྒྱུ་མེད།  འོན་ཀྱང་གཅན་ཚ་ཉིན་སྲིབ་ན་ཁོང་གི་ཞབས་རྗེས་དང་ཕྱག་རྗེས་ངག་རྒྱུན་ཤིན་ཏུ་མོད་པོ་ཞིག་ད་ལྟའང་མ་ཉམས་པར་ཡོད་པ་འདིས་ཀྱང་ཁོང་གི་་་་རྣམ་ཐར་གྱི་ཆད་པ་རེ་ཁ་སྐོང་ཨེ་ཐུབ་སྙམ་པའི་ཀུན་སློང་གིས་རྩོམ་འདི་འབྲི་བ་ལ།  གལ་ཏེ་ཁོ་བོའི་འདི་ལ་དོན་གྱི་སྙིང་བོ་དང་བདེན་པའི་སྟོབས་ཡོད་ན་རྗེ་རྒྱལ་བ་ཡབ་སྲས་ཀྱིས་བྱང་ཆུབ་བར་དུ་རྗེས་སུ་འཛིན་པའི་རྒྱུར་འགྱུར་བ་དང་ས་ཆའི་ཕྱོགས་རིས་དང་རང་བཟོའི་དྲི་མ་ཕྲ་མོ་ཙམ་ཡོད་ན་ཆོས་སྐྱོང་སྲུང་མའི་བཀའ་ཆད་ཕོག་པ་དང་བོད་སྐད་ཁ་ཏོན་ཏུ་བྱེད་ཅིང་བོད་ཡིག་ཟས་སུ་ཟ་བའི་མཁས་པ་རྣམས་ཀྱིས་བཀའ་སློབ་ཡོད་པ་ཞུ།

 ཞྭ་ལ་ཙེ།

གཅན་ཚ་རྫོང་སྟེང་སོ་ཞང་ཤིང་མཁར་སྡེ་བའི་སྟོད་ཙམ་ན་ཆེ་ཆུང་རན་ཙམ་གྱི་སྤང་རི་ཡིད་དུ་འོང་བ་ཞིག་ཡོད་པའི་རི་རྩེ་ཏག་ཏག་ན་གསོམ་སྡོང་བཅུ་ཕྲག་འགའ་ལ་ཙེ་བསྟད་པའི་ཚུལ་དུ་སྐྱེས་ཡོད།   ཡུལ་མི་རྣམས་ཀྱི་ངག་རྒྱུན་ལ།  ཆོས་རྗེ་དོན་གྲུབ་རིན་ཆེན་གནས་དེར་ཕེབས་ཏེ་ས་གཞི་བྱིན་གྱིས་བརླབས།   ཕྱི་ཉིན་ཕེབས་ཁར་ཁོང་གི་ཞྭ་མོ་བརྗེད་སོང་བ་ཞབས་ཕྱི་བ་ཞིག་ཕྱིར་ལེན་དུ་འོངས་དུས།   ཡ་མཚན་པ་ཞིག་ལ་ཞྭ་མོའི་ནང་དུ་མར་ཁུ་བཀང་འཁྱིལ་འདུག་པ་མཐོང་།   དེ་བས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞྭ་མོ་ནང་རྟེན་ཏུ་བཞུགས་སུ་གསོལ་ཏེ་ལ་ཙེ་ཞིག་བསྟད།  དེའི་རྟེན་འབྲེལ་གྱིས་གསོམ་སྡོང་མང་པོ་སྐྱེས་ཏེ་རང་བྱོན་ལ་ཙེ་ཞིག་ཏུ་གྱུར་བར་བཤད།   ད་ལྟའང་ཞྭ་ལ་ཙེ་ཞེས་གྲགས་ཆེ།

སྣང་རའི་གསེར་ཁང་།

 གཅན་ཚ་རྫོང་སྣང་ར་ཞང་ཚག་རྒྱ་སྡེ་བ་རུ་འདུ་ཁང་དང་།  བྱམས་ཁང་།   དུས་གསུམ་སངས་རྒྱས་ལྷ་ཁང་།ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཤངས་ཁྲག་གིས་བཞེངས་པའི་དམ་ཆེན།   སྲུང་མའི་བཙན་ཁང་ཕྱི་མཁར་དང་བཅས་པའི་གྲོང་དགོན་ཡིད་དུ་འོང་བ་ཞིག་ཡོད།

ཡུལ་མི་དག་གི་ངག་རྒྱུན་ལ།  ཆོས་རྗེ་དོན་གྲུབ་རིན་ཆེན་གནས་དེར་ཕེབས་པའི་ཚེ་ཨ་མྱེས་དོན་གྲུབ་སེང་གེ་ཟེར་བ་ཞིག་ལ་འཕྲད་ཅིང་ཕན་ཚུན་གླེང་མོལ་མཛད་དེ་ལྷ་ཁང་ཞིག་འདེབས་པའི་ཞལ་བཀོད་གནང་།   གནས་དེ་ཉིད་དུ་ས་སྡེའི་བཤད་པ་སོགས་ཆོས་ཀྱང་གསུངས་པར་གྲགས།   ཕྱིས་དགེ་ལྡན་བསྟན་པའི་ཆུ་མགོ་བྲག་བྱ་ཁྱུང་དགོན་པ་བཞེངས་གྲུབ་ཀྱི་སྐབས་རབ་གནས་དུས་གཅིག་ལ་འཁེལ་བར་བྱས་པས་གནས་དེར་མེ་ཏོག་བབས་པ་རྟེན་སྒྲོམ་དུ་ཡོད་པར་བཤད།    ད་ལྟའང་སྣང་རའི་གསེར་ཁང་ཞེས་གྲགས་ཆེ།  འདིའིལོ་རྒྱུས་ཕྲན་བུ་ཞིག་ཨ་ལགས་ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབས་ཀྱི་ཤོག་ངོས29ནའང་བཀོད་འདུག

ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ན་བཟའ།

 གཅན་ཚ་རྫོང་ཚོ་དྲུག་ཞང་ཆོས་ཚང་མ་སྟོད་ཚང་སྡེ་བའི་ཨ་མྱེསXཚང་ན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ན་བཟའ་ཞིག་ཡོད་པ་ཆུང་བའི་དུས་ནས་གོ་ཞིང་ཐེངས་འགར་ཕྱིན་ཀྱང་མཇལ་བའི་སྐལ་བ་མ་བྱུང་།  གཞེས་ནིང་ལོར་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་ཧཱུཾ་ཆེན་ལ་རོགས་བྱས་ཏེ་གྲོགས་པོ་རྡོ་རྗེ་རིན་ཆེན་དང་པདྨ་ཚེ་རིང་བཅས་གཅན་ཚའི་སྔགས་དགོན་རྣམས་ཀྱི་ལོ་རྒྱུས་རྒྱུ་ཆ་འཚོལ་སྡུད་དུ་ཕྱིན་སྐབས་སྟབས་ལེགས་པ་ཞིག་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ན་བཟའ་དང་དངོས་སུ་མཇལ་བའི་སྐལ་བ་བྱུང་།   བདག་གིས་བལྟས་ཚོད་ལ་ན་བཟའ་རིན་པོ་ཆེ་དེ་ནི་ཁ་དོག་ལྗང་རུལ་བ་ཞིག་ལ་གོས་སྲུབས་ལག་བཙེམས་བྱས་པ་ཅུང་ཟད་ཞིབ་ཚགས་ལྡན་པ་ཞིག་རེད།  ཡིན་ནའང་དུས་ཚོད་ཡུན་རིང་འགོར་བའི་དབང་གིས་ངོས་ཐམས་ཅད་ནས་ཁུང་བུ་བརྡོལ་ཏེ་ཚགས་ཚེ་མིག་ལ་སོང་བས་ཐོ་ཐོ་བྱས་ཏེ་རྩམ་ཤིང་ཞིག་གི་ནང་བཞག་འདུག    ང་ཚོས་ཐེད་བཅད་ནས་འདྲ་པར་ཞིག་བསྐྱོན་པ་ཧཱུཾ་ཆེན་གྱི་ལག་ཏུ་ཡོད། ད་དུང་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྦ་དབྱུག་ཅིག་ཡོད་མོད་དུས་ངན་གྱིས་ཁྱུར་མིད་བྱས་སོང་ཟེར།

 ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ལྷུང་བཟེད།

      གཅན་ཚ་རྫོང་སྐྱ་རྒྱ་ཞང་གསང་སྒྲོག་དགོན་པ་ན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ལྷུང་བཟེད་ཅིག་ཡོད་པ་ད་ལྟའི་བར་དུ་འབྱུང་བ་ལ་མ་ཐིམ་པར་འགྲོ་བའི་རྟེན་སྐལ་དུ་ལུས་པ་ལོ་འགའི་ཡར་སྔོན་ལ་ཨ་ལགས་གསང་སྒྲོག་སྐུ་ཕྲེང་ལྔ་བ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས་རྗེ་བཙུན་བྱམས་པ་མགོན་པོ་ཆེན་མོ་གསར་དུ་བཞེངས་པའི་གཟུངས་གཞུག་ཏུ་ཕུལ་བ་སྐྱ་རྒྱ་བ་དག་གིས་དངོས་སུ་མཇལ་མྱོང་ཟེར།

མཁས་རྒྱའི་དགོན་རྟགས།

    གཅན་ཚ་རྫོང་དོ་རྒྱ་ཞང་མཁས་རྒྱ་སྡེ་བའི་ཀླད་ན་དགོན་རྟགས་ཟེར་བའི་གནས་སུ་གྱང་ཆག་ཅིག་མཐོང་རྒྱུ་ཡོད།

    ཡུལ་མི་རྣམས་ཀྱི་ངག་རྒྱུན་ཏུ།   ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བྲག་བྱ་ཁྱུང་དགོན་་པ་མ་བཏབ་ཡར་སྔོན་ལ།     ཐོག་མར་གནས་འདི་ནས་དགོན་པ་ཞིག་བཏབ་ཏེ་ཡུན་རིང་བཞུགས་པར་བཤད།   ད་ལྟ་གྱང་ཆག་གི་སྲིད་ལ་གོམ་པ76དང་ཞེང་ལ35ཡོད་པ་ཁོ་བོའི་ཕ་ཡུལ་ཡིན་པས་ཆུང་བའི་དུས་ནས་དངོས་སུ་མཇལ་མྱོང་།   དེ་ཡང་དགོན་པ་ཆགས་ཤིང་འཇིག་པའི་ཤུལ་ཡིན་པས་ན་དགོན་རྟགས་ཟེར། དེའི་ཕྱོགས་ཀྱི་ལོ་རྒྱུས་ཕྲན་བུ་ཞིག་ཇུ་ནང་ངག་དབང་སྙན་གྲགས་ཀྱི་བྱ་ཁྱུང་གདན་རབས་སུ་བཀོད་པ་ཨ་ལགས་ཚེ་ཏན་ཞབས་རུང་གི་བྱ་ཁྱུང་གདན་རབས་ཀྱི་ཤོག་ངོས31ནས32བར་ན་ལུང་དྲངས་འདུག

 མཁས་རྒྱའི་རྩེ་རི།

   གཅན་ཚ་རྫོང་དོ་རྒྱ་ཞང་མཁས་རྒྱ་སྡེ་བའི་སྟོད་ཕྱོགས་ན་སྤང་རི་ཚར་དུ་དངར་བའི་ཁྲོད་ན་གཅན་ཚའི་ཡུལ་གྱི་ཆེས་ཆེ་བའི་སྤང་རི་མིང་ལ་མཁས་རྒྱའི་རྩེ་རི་ཞེས་འབོད་པ་ཞིག་ཡོད།

   ཡུལ་མི་རྣམས་ཀྱི་ངག་རྒྱུན་ལ།   མཁས་རྒྱའི་རྩེ་རི་དེ་ནི་ཙོང་ཁའི་སྐྱེས་རི་དང་ཕན་ཚུན་འགྲན་པའི་ཚུལ་དུ་སྐྱེས་པའི་གཏམ་རྒྱུད་མཚར་པོ་ཞིག་བཤད་རྒྱུ་ཡོད་པ་མ་ཟད།

མཁས་རྒྱའི་རྩེ་རི་ལ་གནས་པའི་གཞི་བདག་ཨ་མྱེས་རྩེ་རི(ཁ་སྐད་དུ་ཨ་མྱེས་རྩེ་རྡེའུ་ཟེར)ནི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་བཀས་གཉན་པར་བཤད་ལ།  ཡུལ་མིའི་སྔགས་འཆང་རྣམས་ཀྱི་བསང་དཔེའི་ནང་ནའང་།

      ཧཱུཾ།   སྔོན་ཚེ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པའི།།

ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས།།

བཀའ་གཉན་རྩེ་རི་ཞེས་གྲགས་དམ་ཚིག་ཅན།།

གཞི་བདག་ཆེན་པོ་འཁོར་བཅས་གནས་འདིར་གཤེགས།།

དངོས་བཤམས་ཡིད་ཀྱིས་སྤྲུལ་བ་ལས་བྱུང་བའི།།

ཕྱི་ནང་གསང་གསུམ་མཆོད་གཏོར་སྤྱན་གཟིགས་དང་།།

དྲི་ཞིམ་སྤོས་སྣ་བསྲེགས་པའི་བསངས་མཆོད་འདི།།

གཞི་བདག་ཆེན་པོ་འཁོར་དང་བཅས་ལ་འབུལ།།

དགྱེས་བཞིན་བཞེས་ལ་བདག་ཅག་འཁོར་བཅས་ཀྱི།།

ཕྱི་ནང་བར་ཆད་ཉེར་འཚེ་ཀུན་ཞི་ཞིང་།།

ཚེ་དཔལ་བསོད་ནམས་དཔལ་འབྱོར་རྒྱས་པ་དང་།།

ཁམས་གསུམ་མི་ནོར་ཟས་གསུམ་དབང་བསྡུས་ལ།།

བཅོལ་བའི་འཕྲིན་ལས་མ་ལུས་འགྲུབ་གྱུར་ནས།།

ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག།  ཅེས་བཀོད་དེ་ད་ལྟའི་བར་དུ་བསངས་འབོད་བྱེད་བཞིན་ཡོད་དོ།།

 མཁས་འབའ་ཚང་གི་མཁའ་འགྲོ་མ།

གཅན་ཚ་རྫོང་དོ་རྒྱ་ཞང་མཁས་རྒྱ་སྡེ་བ་རུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་ཀྱིས་ཡུན་རིང་བཅགས་ཤིང་བྱིན་གྱིས་བརླབས་པའི་སྐབས་དེར།  སྡེ་བ་དེའི་མཁས་འབའ་ཚང་ཟེར་བའི་ཚོ་བ་ཞིག་ན་མཚན་ལྡན་གྱི་མཁའ་འགྲོ་མ་ཞིག་ཡོད་པ་ཁོང་གིས་ཕྱག་རྒྱ་མར་འོས་པར་མཁྱེན་ཏེ་བདག་པོར་བསླངས་ཤིང་རིན་ལ་སྡེ་བ་དེའི་གླེས་གཞི་ལུང་བ་ནས་རང་འཐག་འཁོར་ཆུ་ཞིག་ཕུད་དེ་ཆུའི་དཀའ་ངལ་སེལ་བའི་ཞལ་བཞེས་གནང་ནའང་ཡུལ་བ་རྣམས་ཀྱིས་མ་བྱིན་པར་བཤད།   གཏམ་འདི་ཐོས་པ་ཙམ་གྱིས་ཁ་ཅིག་དེ་འདྲ་ག་ལ་སྲིད་ཆོས་རྗེ་དོན་གྲུབ་རིན་ཆེན་ནི་ཚུལ་ཁྲིམས་ལྡན་པའི་དགེ་སློང་ཞིག་ཡིན་པས་ཟེར་ནའང་ཐང་མོད།   འོན་ཀྱང་གསང་བ་སྔགས་ཀྱི་ཤེས་བྱ་ཕྲན་ཙམ་ཡོད་པའམ་ཡང་ན་རྗེ་བླ་མའི་ཡན་གྱི་ཆོས་ཀྱི་ལོ་རྒྱུས་ཤེས་མཁན་རྣམས་ཀྱིས་ཝ་ལེར་མཁྱེན་ངེས་སོ།།

བོད་བྱ་ཚང་གི་ཉེ་ཚན།

གཅན་ཚ་རྫོང་བྲག་ཁང་སྣ་ཁ་ཞང་བོད་བྱ་ཚང་སྡེ་བ་ལ་ཕེབས་པའི་ཚེ་ཆོས་རྗེ་དོན་གྲུབ་རིན་ཆེན་ཁོང་རང་གི་ཉེ་ཚན་ཨ་ཡེ་རྒན་མོ་ཞིག་གི་ཁྱིམ་ནས་བཞུགས་པར་བཤད། སྐབས་དེར་དབྱར་ཟླ་ར་བ་ལ་འཕྲད་པས་ཉེ་ཚན་ཨ་ཡེ་རྒན་མོ་ཡུར་ལས་ཀྱིས་མནར་བ་ཐུགས་ཀྱིས་མ་བཟོད་ནས་ཡུར་མནན་གྱི་མཆོད་རྟེན་ཞིག་བརྩིགས།  དེ་ནས་བཟུང་ཨ་ཡེ་རྒན་མོའི་ཞིང་ལ་ཡུར་མ་ཡུར་མི་དགོས་པར་བཤད། ད་ལྟ་མཆོད་རྟེན་གྱི་ཤུལ་ས་འབུར་རམ་རྡེའུ་འབུམ་ཞིག་ཏུ་གྱུར་ཡོད་ཟེར། སྐབས་དེའི་བཞུགས་སྟན་ཟར་རྩྭ་དང་ར་ཕྱར་བྱས་པ་ཕྱིས་སུ་བྱ་ཁྱུང་གསེར་་་་གདུང་གི་ནང་རྟེན་ཏུ་ཕུལ་ཟེར།  འདིའི་སྐབས་ཀྱི་ལོ་རྒྱུས་ཕྲན་བུ་ཞིག་ཨ་ལགས་ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབས་ཀྱི་ཤོག་ངོས30ན་གསལ།

 ཁྱི་རྒན་ལ།

དཔའ་ལུང་རྫོང་མཚེར་ཕུག་ཞང་མཚམས་རིང་སྡེ་བ་ན་ཁྱི་རྒན་ལ་ཟེར་བའི་ལ་རིང་ཞིག་ཡོད།  དེ་ཡང་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྗེས་སུ་འབྲངས་པའི་ཁྱི་རྒན་ཞིག་ཡོད་པ་ལ་མ་ཆོད་པར་ལྔ་ལམ་དུ་སོང་བས་དེ་ལྟར་གྲགས།    ཕྱིས་སུ་ཁྱི་རྒན་ཤི་ས་ན་རྡེའུ་འབུམ་ཞིག་་ཀྱང་ཡོད་ཟེར་མོད་ཁོ་བོ་སོང་མ་མྱོང་།  གང་ལྟར་ཀྱང་སྐབས་དེ་ཤེད་ནས“མཚམས་རིང་བུ་མོ་ལྷ་རེད།   ཕུག་གི་སྲུང་མ་ཁྱི་རེད”ཟེར་པའི་གཏམ་དཔེ་བྱུང་ཡོད།

 བྲག་བྱ་ཁྱུང་དགོན་པ།

དཔའ་ལུང་རྫོང་མཚེར་ཕུག་ཞང་གི་བྲག་བྱ་ཁྱུང་དགོན་པ་ནི་སྤྱི་ལོ1349ལོར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཕྱག་བཏབ་ཅིང་རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་དགུང་ལོ་བཅུ་དྲུག་གི་བར་དུ་བཀའ་དྲིན་གྱིས་བསྐྱངས་པའི་ཞིང་མཆོག་དང་།       དགེ་ལྡན་བསྟན་པའི་ཆུ་མགོ   ཁམས་གསུམ་འགྲོ་བའི་རྟེན་གཅིག་པུར་གྱུར་ཏེ་ཆོས་རྗེ་དོན་གྲུབ་རིན་ཆེན་སྐུ་ཕྲེང་རིན་བྱོན་སྐུ་ཕྱོགས་ཆུ་བཟང་ཚང་གི་བཀའ་དྲིན་གྱིས་བསྐྱངས་བཞིན་པ་ཀུན་ལ་གསལ་་བ་འདི་ལགས་སོ།།

 གཅན་ཚའི་མ་ཎྀ།

དཔའ་ལུང་རྫོང་ནང་གསུམ་མདོ་ཞང་ན་བྱིན་རླབས་ཀྱི་ཚན་ཁ་འབར་བའི་མ་ཎྀ་ཆུ་འཁོར་ཞིག་ཡོད་པ་གཅན་ཚའི་མ་ཎྀ་ཞེས་ཀུན་ལ་གྲགས་ཆེ།    དེ་ཡང་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་མ་ཎྀ་ཕྱག་འཁོར་ཞིག་ནང་རྟེན་ཏུ་བཞུགས་པའི་མ་ཎྀ་ཆུ་འཁོར་ཡིན་པ་ཀུན་ལ་རླུང་ལྟར་གྲགས།

འཁྲུངས་ཡུལ་གྱི་ཁུངས་ཞར་བྱུང་དུ་བཀོད་པ།

1、 མཁས་གྲུབ་རྗེས་མདོ་ཁམས་སྨད་ཡིན་པར་གསུངས།

2、ཆུ་བཟང་ངག་དབང་ཐུབ་བསྟན་དབང་ཕྱུག་གིས་འཁྲུངས་ཡུལ་དང་རིགས་རུས་ནི་ས་སྐྱ་ཡིན་ཞེས་དང་།     ས་སྐྱ་ནས་ཆད་པའི་རེབ་གོང་གི་ཡུལ་ཡིན་ཟེར།

3、ཇུ་ནང་ངག་དབང་སྙན་གྲགས་ཀྱིས་སྣང་ར་ཡིན་པར་འདོད།

4 、རྐ་ཕུག་རིན་པོ་ཆེས་སྣང་ར་ཡིན་པར་འདོད།

5、མི་ཉག་རིན་པོ་ཆེས་སྣང་ར་ཡིན་ཞེས་གསུངས།

6、ཀོའུ་སྡེའི་བཛྲ་བི་ཛ་ཡ་མིང་ཅན་གྱིས་རིགས་རུས་ས་སྐྱ་དང་འཁྲུངས་ཡུལ་རེབ་གོང་དུ་ངོས་བཟུང་ཡོད་ཚོད་རེད།

7、རྩ་བ་ངག་དབང་དགེ་ལེགས་ཀྱིས་མཁས་རློམ་འགས(གོང་གི6ཀོའུ་སྡེའི་ཞེས་པ་འདི་བསྟན)རིགས་རུས་ས་སྐྱ་དང་འཁྲུངས་ཡུལ་དང་།   ཡབ་ཡུམ་གྱི་མིང་སོགས་ངོས་བཟུང་བ་དང་།   ལྷོ་ཁམས་བརྒྱུད་དེ་ཕེབས་པའི་གཏམ་རྒྱུད་བཤད་པ་རྣམས་ནི་རྒྱུད་ནེའི་གྲུབ་ཆེན་སྟག་དཀར་བས་མཛད་པའི་རྣམ་ཐར་དང་མི་མཐུན་པས་ཁོ་བོས་དོར་ཞེས་འབྱུང་།

8、རྒྱུད་ནེའི་གྲུབ་ཆེན་སྟག་དཀར་བས་གང་ལྟར་གོང་གི་འདི་ལ་དཔགས་ན་རིགས་རུས་ས་སྐྱ་དང་འཁྲུངས་ཡུལ་རེབ་གོང་དུ་ངོས་བཟུང་མེད་ཚོད་རེད།

9、ཨ་ལགས་ཚེ་ཏན་ཞབས་དྲུང་གིས་ཀོའུ་སྡེའི་བཛྲ་བི་ཛ་ཡ་མིང་ཅན་གྱིས་བྲིས་པའི་རྗེ་དོན་རིན་པའི་རྣམ་ཐར་ཐོས་སྒྲོགས་རིན་ཆེན་ཕྲེང་བ་ཞེས་ཁུངས་མེད་རྫུན་གཏམ་ཕྲེང་དུ་བསྟར་བ་དེ་ག་ཡིན་ཞིང་།  དཔེ་དེ་བདག་གིས་ཀྱང་མཐོང་མོད།  དེར་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འདྲེན་པ་དང་།  རྩ་བ་ངག་དབང་དགེ་ལེགས་ཀྱིས་གཟིགས་པ་ལ་དཔགས་ན་རྩོམ་དུས་རགས་ཙམ་ངེས་ནུས་ལ།   དེར་རེ་རེ་གཉིས་གཉིས་ཙམ་མ་གཏོགས་གང་བཤད་ཁུངས་མེད་སྤྱི་བརྟོལ་གྱི་གྲོང་ཚིག་འབའ་ཞིག་ཏུ་སྣང་བས་འདིར་བཤད་ཡམས་བཀོད་པས་དགོས་པ་མི་ཆེ་ཞིང་ལྷད་འདོན་བྱས་པས་སྣག་ཤོག་གྲོན་པའི་རྒྱུ་རུ་ཟད་དོ་ཞེས་དང་།  ཡང་བོད་བྱ་ཚང་དུ་ཁོང་བར་ཉེ་ཚན་ཞིག་ཡོད་པ་དག་གིས་ཀྱང་འཁྲུངས་ཡུལ་ལ་ངེས་བ་སྟེར་རྒྱུ་ཡོད་དོ་ཞེས་བཀོད་འདུག

དཔྱད་གཞིའི་ཡིག་ཆ།

1、ཨ་ལགས་ཚེ་ཏན་ཞབས་དྲུང་གིས་བརྩམས་པའི《བྱ་ཁྱུང་གདན་རབས་ཡིད་འཕྲོག་གཏམ་གྱི་ཉིང་ཁུ 》1984ཟླ4པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།


2、དོན་རྡོར་དང་བསྟན་འཛིན་ཆོས་གྲགས་ཀྱིས་བསྡུ་སྒྲིག་བྱས་པའི་《གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ》1993ལོའི་ཟླ3པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན།


3、དམངས་ཁྲོད་སྔགས་འཆང་གི་བསང་དཔེ།             སྣ་ཐུང་ལག་བྲིས་མ།

ཆོས་རྗེ་དོན་གྲུབ་རིན་ཆེན་དང་མཁས་རྒྱ་སྡེ་བའི་འབྲེལ་བའི་སྐོར་གྱི་གསལ་བཤད།

དོ་རྒྱ་བསོད་ནམས་ཚེ་རིང་།   

 ༢༠༡༧ལོའི་ཟླ༧ཚེས༡༣ཉིན།  མདོ་སྨད་གཅན་ཚ།

དེ་ཡང་མཉམ་མེད་ཙོང་ཁ་བ་ཆེན་པོའི་ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྣམ་ཐར་ནི་ཁོ་བོས《མཉམ་མེད་ཙོང་ཁ་པ་ཆེན་པོའི་ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་རྗེས་ཀྱི་རེ་ཁྭ་བརྗེད་ཕངས་པ་འགའ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་བཞུགས་སོ།།》ལས་ཞུས་པ་ལྟར།   སུས་ཀྱང་གསལ་ཐག་ཆོད་པ་ཞིག་གསུངས་མྱོང་མེད་ལ།   ལྷག་པར་དུ།   ཁོང་གི་འཁྲུངས་ཡུལ་ཡང་ད་དུང་གསལ་པོ་ཞིག་ངོས་འཛིན་བྱེད་ཐུབ་མེད།   ལ་ལས་ཕར་བལྟས་པ་ཙམ་གྱིས་བདེན་བདེན་འདྲ་ཞིག་བྲིས་ཡོད་མོད།   དོན་ལ་ཕྱོགས་རིས་ཀྱི་དབང་དུ་སོང་བའི་ཅམ་འཇོག་ཙམ་ལས་ལོ་རྒྱུས་ཀྱི་དཔྱད་གཞི་འཛིན་འོས་ཁུངས་ཐུབ་ཅིག་སུ་ལའང་སྟོན་རྒྱུ་མེད།   ཁོ་བོས་ཀྱང་མཁས་པ་དག་གི་གསུང་སྒྲོས་ལས་ལྷག་པའི་གཞན་ཅི་ཡང་ཞུ་མི་ཐུབ་མོད།  འོན་ཀྱང་།   མཁས་པ་ལ་ཡོངས་སུ་མ་གྲགས་ནའང་།   རང་གི་ཕ་ཡུལ་མཁས་རྒྱ་སྡེ་བའི་ཕ་མེས་ཀྱི་ངག་རྒྱུན་ན་ད་ལྟའང་ད་དུང་མ་ཉམས་པར་ཡོད་པའི་ཆོས་རྗེ་ཁོང་གི་གཏམ་རྒྱུད་དང་།  སྡེ་བ་དེའི་དངོས་ཡོད་བདེན་དཔང་།   མཁས་པ་སྔོན་མ་ཚད་ཐུབ་ཀྱི་བསྟན་བཅོས་ལས་བྱུང་བ་དག་གསལ་ཁ་བཏོད་རྒྱུ་ཡོད་དོ།།

མཁས་རྒྱ་སྡེ་བ་ཞེས་པ་ནི།   གཅན་ཚ་ཉིན་ལྟ་དང་སྲིབ་ལྟ་གཉིས་ལས་གཅན་ཚ་སྲིབ་ལྟ་དང་།   ཁྲི་ཀ་གོང་འོག་གཉིས་ལས་ཁྲི་ཀ་འོག་མ།  དེ་ལ་ཨ་ལགས་དགུ་རོང་འཇིགས་བྲལ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི་སྔ་འགྱུར་རྙིང་མའི་སྡེ་ཚན་དུ་བགོས་ཕྱོགས་ལྟར་ན་ཕྱོགས་ཀ་གསུམ(དོ་རྒྱ་དང་།  ཁམས་ར།  ཁྲི་ཀའི་སྐེ་བ་གསུམ)གྱི་ནང་ཚན།  དེང་སང་གི་སྲིད་འཛིན་ཁྱབ་ཁོངས་ལྟར་ན།   གཅན་ཚ་རྫོང་ཁམས་ར་གྲོང་བརྡལ་དོ་རྒྱ་ས་ཁུལ་མཁས་རྒྱ་སྡེ་བ་ཡིན་ལ།  སྡེ་བ་དེ་ནི་གཅན་ཚ་རྫོང་མཁར་གྱི་ནུབ་ཕྱོགས་དང་།  ཁམས་ར་གྲོང་བརྡལ་གྱི་ལྷོ་ནུབ་མཚམས་སུ་ཡོད་ལ།   ཤར་ཕྱོགས་ན་རྨ་ཆུ་སྔོན་མོ་དང་དཔའ་ལུང་རྫོང་ཁོངས་ཡོད་ལ།   ལྷོ་ཕྱོགས་ན་སྐྱ་རྒྱ་སྐྱ་པའི་བུ་རྒྱུད་དང་ཨ་འབྱུང་འགག་བཟའ་བུ་རྒྱུད་ཡོད།  ནུབ་ཕྱོགས་ན་སྐྱེས་ལྷ་ཨ་མྱེས་སྲིན་པོ་དང་།  བྱང་ཕྱོགས་ན་ཙོང་ཁའི་སྐྱེས་རི་དང་བྲག་བྱ་ཁྱུང་ཡོད།  ད་ལྟ་ཁྱིམ་ཚང80གཡས་གཡོན་ཡོད་པའི་གནའ་བོའི་གྲོང་ཚོ་ཁྱད་པ་བ་ཞིག་ཡིན།  སྡེ་བ་དེར་དཔོན་རྒྱ་གྲོལ་རྒྱ་དང་།   མཁས་པ་གླེ་གཞིས།   མོག་པ་གོང་ལྟ་ཞོལ་ལྟ་བཅས་ཚོ་བ་ཆེན་པོ་དྲུག་དང་ཚོ་ཆུང་ཁ་ཤས་ཀྱིས་གྲུབ་འདུག   དེ་ཡང་མོག་པའི་ཚོ་བ་འདི་མཚོན་ན་དཔའ་ལུང་མོག་པ་ནས་མཆེད་པར་བཤད་ལ་ད་ལྟའང་སྔོན་གྱི་ས་གནས་ངོས་འཛིན་ཐུབ་པར་ཡོད།  ཚོ་བ་འདི་དག་གིས་ཐོག་མར་མཁས་རྒྱའི་ས་ཇི་ལྟར་བཟུང་བའི་ཚུལ་ཁོ་བོས《གཅན་ཚའི་གནས་ཡིག》ཏུ་ཅུང་ཟད་དཔྱད་པའི་ཚུལ་དུ་བཀོད་ཡོད།

ད་ལྟའང་ལ་ཙེ་བསྟོད་པའི་ཚེ་སྲོག་ཤིང་ངོས་ལ“གཡུང་དྲུང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག”དང་།   ས་མིང་ལ“བོན་འགྱེད་ཡུལ”དང་།   “བོན་འཛིང་ནང”སོགས་གནའ་བོའི་བོན་གྱི་རྗེས་ཤུལ་དང་།  བླ་བྲང་ཐོད། བཀྲ་ཤིས་ཐོད། ལྷ་ཐོད་སྒང་སོགས་བསྟན་པ་དར་བའི་སྐོར།  ཚེ་འདས་ལ་བདུན་བཙུགས་ནས་ཤི་ཆོས་བཅའ་བའི་ཚེ་དགུང་གྲངས་ལ《མི་ལའི་མགུར་མ》བསྐོལ་སྲོལ་ཡོད་པས་སྔོན་ཚེ་བཀའ་བརྒྱུད་པ་དར་མྱོང་བ་ཤེས་ཐུབ་ལ།  ད་ལྟ་སྔགས་པ80ལྷག་ཡོད་པའི་སྔ་འགྱུར་རྙིང་མའི་སྔགས་དགོན་པད་དཀར་ཆོས་གླིང་དང་།   གྲྭ་བ60ལྷག་ཡོད་ཅིང1725ལོར་ལྷ་རི་སྔགས་རམས་པ་བློ་བཟང་འབྱུང་གནས་ཀྱིས་ཕྱག་འདེབས་མཛད་པའི་དགེ་ལུགས་དགོན་པ་དབེན་གནས་ལྷ་རི་བསམ་གཏན་གླིང་གི་ལྷ་སྡེ་འབའ་ཞིག་ཏུ་གྱུར་ཡོད།      གཞན་ཡང་དོ་རྒྱ་ཚོ་སྐོར་དྲུག(ཚིས་ཀ་འབྲོང་རྒྱགས་གཉིས།   ཤ་ངུར་གདོང་ཕ་གཞི་གཉིས།  ལངས་སྔ་ལྷ་ཆུང་གཉིས།   སྲིབ་མོ་ཕ་གཞི་ཤར་གཉིས།  ལྷ་རྟེན་ཡ་རྐ་མ་རྐ་གཉིས།  མཁས་རྒྱ་བཅས་སོ།།)འདི་ནི་གཅན་ཚ་ཉིན་སྲིབ་ལྟ་ན་གྲོང་པའི་ཆོས་ཐོག་ཆེས་མང་བའི་ཕྱོགས་ཀ་ཞིག་ཡིན་་པ་ནི་ཤིན་ཏུ་དཔྱད་པར་བྱ་བར་འོས་མོད།  འདིར་སྐབས་སུ་མ་བབས་པས་ནམ་ཞིག་ལོགས་སུ་ཞུ་བར་བྱའོ།།  

    དེས་ན་འདིར་ཆོས་རྗེ་དོན་གྲུབ་དང་འབྲེལ་བའི་གནས་ཚུལ་འགའ་གསལ་བར་འགོད་པ་ལ། 

1、ཆོས་རྗེ་དོན་གྲུབ་རིན་ཆེན་དང་མཁས་རྒྱ་སྡེ་བའི་ངག་རྒྱུན།

   ཆོས་རྗེ་དོན་གྲུབ་རིན་ཆེན་ནི་བོད་སྤྱི་དང་སྒོས་སུ་རི་བོ་དགེ་ལྡན་པ།  ཁྱད་པར་དུ་མཁས་རྒྱ་སྡེ་བའི་སྐྱེས་ཕོ་མོ་རྣམས་ལ་མཚོན་ན་མཚན་སྙན་རྣ་བྱང་དུ་སོང་བའི་སྐྱེས་ཆེན་ཞིག་ཡིན།  རྒྱུ་མཚན་ནི་ཁོང་རང(1309--1385)མི་ལོ600ལྷག་གི་ཡར་སྔོན་ལ་སྐུ་དངོས་སུ་ཡུན་རིང་ལ་བཞུགས་པའི་ངག་རྒྱུན་ད་ལྟའི་བར་དུ་བར་མ་ཆད་པའི་ཕྱིར།

དེ་ཡང་ཡུལ་མིའི་ངག་རྒྱུན་དུ།  ཆོས་རྗེ་དོན་གྲུབ་རིན་ཆེན་སྡེ་བར་ཕེབས་ཏེ།  སྡེ་བའི་ཀླད་ནས་དགོན་པ་ཞིག་བཏབ་ཅིང་ཡུན་རིང་བཞུགས།  སྐབས་དེར་སྡེ་བ་དེའི་གླེ་གཞིས་ཚོ་བ་ན་མཁའ་འགྲོ་མ་ཞིག་ཡོད་པར་ཁོང་གིས་རིག་མར་བསླངས་པ་དང་།  སྡེ་བ་དེར་འཐུང་ཆུ་དཀོན་པར་དམིགས་ཏེ་རིག་མ་སློང་རིན་ལ་ཚོ་བ་དེའི་གླེ་གཞིས་ལུང་བ་ཟེར་བར་རང་འཐག་འཁོར་ཆུ་ཞིག་ཕྱུང་བར་ཁས་བླངས་དམ་བཅའ་བྱས་རུང་།   ཁྱིམ་ཚང་དེས་མ་ཕུལ་ཞེས་ད་ལྟའི་བར་དུ་སྡེ་བ་འདི་ལ་གྲགས་སོ།། གླེ་གཞིས་ཚང་གི་མཁའ་འགྲོ་མ་ཞེས་པ་འདི་རྣམ་ཐར་ལས་བྱུང་བའི་ཇོ་མོ་ཁྲོ་གཉེར་མའི་སྤྲུལ་བ་བྱ་ཁྱུང་སྟོན་མཁན་དེ་ཡིན་པར་གྲགས་ལ། ད་ལྟ་ཁྱིམ་གྱི་ཤུལ་དུ་ས་འབུམ་ཞིག་དངོས་སུ་མཇལ་རྒྱུ་ཡོད་ལ། ཁྱིམ་རྒྱུད་ཀྱི་གཞི་ན་གསང་བདག་སྐྱབས་ཟེར་བའི་མི་ཚང་ཞིག་ད་ལྟ་ཡང་ཡོད་དོ།།

      2、མཁས་རྒྱའི་རྩེ་རྡེའུ།

མཁས་རྒྱའི་རྩེ་རྡེའུ་ཞེས་པ་ནི་སྡེ་བ་དེའི་སྐྱེས་རིའི་མིང་ཡིན་ལ།  རྩེ་འདུས།  རྩེ་རི་སོགས་འབྲི་ཚུལ་མང་།  རི་བོ་དེ་ནི་སྤང་རི་འཛོམས་པོ་ཞིག་ཡིན་པ་མ་ཟད།  ཡུལ་ཕྱོགས་དེས་འཕྲིན་ལས་བཅོལ་སའི་གནས་མཆོག་ཅིག་ཏུ་གྱུར་ཡོད་པ་ནི།  གཙོ་བོ་རི་དེར་གནས་པའི་གཞི་བདག་ཨ་མྱེས་རྩེ་རྡེའུ་ཞེས་པ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་ཁོང་གིས་སྐུ་དངོས་སུ་བཀའ་བསྒོས་དམ་བཞག་བྱས་པ་ལ་རག་ལས་ཏེ།  ཡུལ་མིའི་བསང་འབོད་ན།

       ཧཱུཾ།   སྔོན་ཚེ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པའི།།

ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས།།

བཀའ་ཉན་རྩེ་རྡེའུ་ཞེས་གྲགས་དམ་ཚིག་ཅན།།

གཞི་བདག་ཆེན་པོ་འཁོར་བཅས་གནས་འདིར་གཤེགས།།

དངོས་བཤམས་ཡིད་ཀྱིས་སྤྲུལ་བ་ལས་བྱུང་བའི།།

ཕྱི་ནང་གསང་གསུམ་མཆོད་གཏོར་སྤྱན་གཟིགས་དང་།།

དྲི་ཞིམ་སྤོས་སྣ་བསྲེགས་པའི་བསངས་མཆོད་འདི།།

གཞི་བདག་ཆེན་པོ་འཁོར་དང་བཅས་ལ་འབུལ།།

དགྱེས་བཞིན་བཞེས་ལ་བདག་ཅག་འཁོར་བཅས་ཀྱི།།

ཕྱི་ནང་བར་ཆད་ཉེར་འཚེ་ཀུན་ཞི་ཞིང་།།

ཚེ་དཔལ་བསོད་ནམས་དཔལ་འབྱོར་རྒྱས་པ་དང་།།

ཁམས་གསུམ་མི་ནོར་ཟས་གསུམ་དབང་བསྡུས་ལ།།

བཅོལ་བའི་འཕྲིན་ལས་མ་ལུས་འགྲུབ་གྱུར་ནས།།

ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག།  ཅེས་བཀོད་འདུག་པའོ།།གཞན་ཡང་མཁས་རྒྱ་སྡེ་བའི་མ་ཎི་ཁང་གི་ཆོས་ཐོག་གི་བསྔོ་སྨོན་དུ་ད་ལྟ་ལ་ཐུག་གི་བར་དུ།

ང་ཡི་བླ་མ་དོན་གྲུབ་རིན་ཆེན་དེ། །

དགའ་ལྡན་གནས་སམ་བདེ་བ་ཅན་ལ་སོགས། །

དག་པའི་ཞིང་ཁམས་གང་ན་བཞུགས་ཀྱང་རུང་། །

བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག ། ཅེས་པ་འདིས་མཁས་རྒྱའི་སྐྱེ་ཕོ་མོ་རྣམས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྗེས་སུ་བཟུང་བའི་གདུལ་བྱ་ཡིན་པར་བསྙོན་དུ་མེད་དོ།།

3、དངོས་ཡོད་དངོས་པོའི་དཔང་རྟགས།

        མཁས་རྒྱའི་དགོན་རྟགས།

མཁས་རྒྱ་སྡེ་བའི་ཀླད་ན་དགོན་རྟགས་ཟེར་བའི་གནས་སུ་གྱང་ཆག་ཅིག་ད་ལྟའང་མཐོང་རྒྱུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བྲག་བྱ་ཁྱུང་དགོན་པ་མ་བཏབ་ཡར་སྔོན་ལ།     ཐོག་མར་གནས་འདི་ནས་དགོན་པ་ཞིག་བཏབ་ཏེ་ཡུན་རིང་བཞུགས་པ་ཡིན། ད་ལྟ་དགོན་ཤུལ་གྱི་གྱང་ཆག་གི་སྲིད་ལ་གོམ་པ76དང་ཞེང་ལ35ཡོད།   འདི་ནི་ཁོ་བོའི་ཕ་ཡུལ་ཡིན་པས་ཆུང་བའི་དུས་ནས་དངོས་སུ་མཇལ་ཏེ་ཚད་བླངས་པ་ཡིན།  ཁོ་བོ་ཆུང་དུས་གྱང་ཆག་གི་མཐོ་དམའ་ལ་མུས་གཉིས་གསུམ་རེ་ཆ་མི་སྙོམས་པར་ཡོད་ལ།   གྱང་ཁ་ནས་ང་ཡང་རྩེ་ནས་སོང་མྱོང་ཞིང་གལ་ཏེ་མར་ལྷུང་ན་ཉེན་ཁ་ཆེ་བ་ཞིག་འདུག   ད་ལྟ་ཡུན་རིང་གི་ཆར་ཆུས་འཇིགས་ཤིང་ཁྱིམ་ཚང་ཞིག་གི་ཟོག་ར་བྱས་ཡོད་ནའང་ད་དུང་གྱང་ཆག་གི་ཤུལ་གསལ་ལེར་ཤེས་ཐུབ།  དེ་ཡང་དགོན་པ་ཆགས་ཤིང་འཇིག་པའི་ཤུལ་ཡིན་པས་ན་དགོན་རྟགས་ཟེར་བ་ནི་ཡུལ་མི་ཀུན་ལ་གྲགས།   གནས་འདི་ནས་ཙོང་ཁའི་སྐྱེས་རི་དང་བྲག་བྱ་ཁྱུང་དགོན་ནི་མདུན་ལ་བླངས་པ་དང་འདྲ་བར་མཐོང་ཐུབ།  དུས་རབས་སྔོན་མའི་ལོ་རབས་དྲུག་ཅུའི་ནང་དགོན་རྟགས་ཀྱི་མདུན་ཐང་ས་ཞིང་དུ་བསྒྱུར་ནས་ལོ་ཏོག་བཏབ་ཀྱང་སྡེ་བ་ལ་མ་འཕྲག་པས་ཕྱིས་སུ་བསྐྱུར་ཏེ་སླར་ཡང་སྤང་ལྗོངས་ཀྱི་རྣམ་པ་མངོན་ཡོད། 

4、དཔྱད་གཞིའི་ཡིག་ཆ་ཁུངས་བཙུན།

   ཇུ་ནང་ངག་དབང་སྙན་གྲགས་དང་ཁོང་གི《བྱ་ཁྱུང་གདན་རབས》

   མཁས་རྒྱ་སྡེ་བ་དང་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་འབྲེལ་བ་དངོས་སུ་བཀོད་པའི་དཔེ་ཆ་ནི་ཇུ་ནང་ངག་དབང་སྙན་གྲགས་ཀྱི་བྱ་ཁྱུང་གདན་རབས་ཞུ་བ་དེ་ཡིན།   གདན་རབས་དེ་ཁོ་བོའི་མཐོང་ཡུལ་དུ་མ་གྱུར་ནའང་།   ཨ་ལགས་ཚེ་ཏག་ཞབས་དྲུང་གིས་ཁོང་གི་བྱ་ཁྱུང་གདན་རབས་སུ་དེའི་སྐོར་གྱི་ལུང་ཐད་ཀར་དྲངས་འདུག་པ་ལ་བལྟས་ན་ཨ་ལགས་ཀྱིས་དཔེ་ཆ་དེ་དངོས་སུ་མཇལ་བར་ངེས། 

    ཇུ་ནང་ངག་དབང་སྙན་གྲགས་ནི《མདོ་སྨད་ཆོས་འབྱུང》དུ་བཀོད་པ་ལྟར་ན། “ ཇུ་ནང་མཁན་པོ་ངག་དབང་སྙན་གྲགས་མཚོ་སྔོན་གཡོན་རུ་ཇུ་ནང་ཇ་སག་གི་མངའ་ཞབས་སུ་མེ་ཁྱི་ལོར(སྤྱི་ལོ1766)འཁྲུངས།  རུས་རྭ་ཚ།  ཡབ་དཀོན་མཆོག་སྐྱབས། ཡུམ་སྒྲོལ་མ་མཚོ།  དགུང་ལོ་བདུན་ཐོག་རྭ་ཚ་ཆོས་རྗེའི་དྲུང་དུ་འབྲི་འདོན་ཀློག་གསུམ་སྦྱངས།  བརྒྱད་པར་དགེ་བཤེས་ངག་དབང་བྱམས་པ་ལས་དགེ་བསྙེན་དང་རབ་བྱུང་བསྒྲུབས།  བཅུ་གསུམ་པ་ལ་བྱ་ཁྱུང་དུ་ཕེབས།  མཁན་ཆེན་ངག་དབང་བསོད་ནམས་ལས་དགེ་ཚུལ་དང་དགེ་རྒན་ཞུས་ཏེ་ཆོས་གྲྭར་ཞུགས།  སློབ་གཉེར་རྩེར་སོན།  ལེགས་བཤད་སྙིང་བོ་དང་། འགྲེལ་བ་དོན་གསལ་སོགས་ཀྱི་ཚོགས་རྒྱུག  ཉེར་གཅིག་པ་ལ་མཁན་ཆེན་ངག་དབང་བསྟན་པ་ལས་བསྙེན་རྫོགས།  སོ་བདུན་པ་ལ་གླིང་བསྲེ། སྔ་ཕྱིར་དགེ་རྒན་ངག་དབང་བསོད་ནམས།  ཐུའུ་བཀྭན་རིན་པོ་ཆེ།  གུང་ཐང་འཇམ་པའི་དབྱངས།  ཨ་རིག་དགེ་བཤེས་ཆེན་མོ།  མཁན་ཆེན་སྦྱིན་པ་ཀུན་བཟང་།  རྐ་ཕུག་པ།  སྒར་བ་ཚང་། གསེར་ཁང་པ་སོགས་ལ་གཏུགས།  དབང་ལུང་མན་ངག་གི་གསན་རྒྱ་ཆེ།  ཉམས་ལེན་བཟང་།  ཞེ་དགུ་བ་ལ་གཞུང་ལས་པ།  ལྔ་བཅུ་བ་ལ་བླ་མ་དབུ་མཛད་པ།  ང་གསུམ་ནས་རྒྱུད་པའི་ཁྲི་མཛད་མུས་ང་དགུའི་ཐོག་མཁན་ཁྲིར་ཕེབས།  ལོ་བརྒྱད་ཀྱི་རིང་འཆད་ཉན་ཚད་མེད་དང་།  བླ་བྲང་ཞིག་གསོས་ཀྱང་ཕུལ་ཕྱིན་གནང་ཡང་གེགས་དབང་གིས་འདུ་ཁང་ཆེན་མོ་མེ་བཞེས་བྱུང་། སྤྱི་རྫས་སོགས་ཉམས་ཆག་ཆེ།  རེ་བདུན་ལ་ཟུར་དུ་བཞུགས།  ལམ་རིམ་ཆེན་མོ་ཞལ་འདོན་སོགས་ཉམས་བཞེས་འཕེལ། དོན་དྲུག་པ་ལྕགས་གླང(སྤྱི་ལོ1842)ལ་ཞི་བར་གཤེགས།  སྤྲུལ་སྐུ་ཡང་འཁྲུངས།  ”ཞེས་གསུངས་འདུག་པ་དཔགས་ན་ལོ་ངོ་ཉིས་བརྒྱའི་སྔོན་གྱི་མཁས་པ་ཞིག་ཡིན་པ་ཧ་ཅང་གསལ་ལོ།།

      མཁས་རྒྱའི་དགོན་རྟགས་ཀྱི་སྐོར་ལ་ཨ་ལགས་ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབས་སུ་ལུང་དྲངས་པ་ནི།  “ ཇུ་ནང་ངག་དབང་སྙན་གྲགས་ཀྱི་བྱ་ཁྱུང་གདན་རབས་སུ།  བྱ་ཁྱུང་སྟོན་པའི་རྒན་མོ་དེའི་གྲོང་ད་ལྟ་ཁེན་གྱ་ཟེར་བ་འདི་ཡིན། གྲོང་དེའི་ལྟག་ན་སྒོམ་རྟགས་ཟེར་བའི་གནས་ཡིད་དུ་འོང་བར་ཁོང་བའི་ཕྱག་ཚ་ནང་རྟེན་དུ་བཞུགས་པའི་ས་འབུམ་ཞིག་ཡོད་པ་ལ་སྐབས་འགར་མཚན་མོ་འོད་འཕྲོ་བ་སོགས་གནའ་མི་རྣམས་ལ་ཡོངས་སུ་གྲགས་པ་དང་།  གྲོང་དེའི་འགབ་ཀྱི་རི་རྐེད་ན་ཆུ་མིག་ཅིག་ཡོད་པའི་འགྲམ་དུ་ཡུན་རིང་བཞུགས་ནས་ཕྱག་ཚ་བཏབ་ཅིང་།  ཙན་དན་གྱི་ལྗོན་པ་ཞིག་སྐྱེས་པ་རིམ་གྱིས་སའི་འོག་ཏུ་ནུབ་ཀྱང་སྐབས་ཤིག་ནས་ས་ཚ་དང་ཙན་དན་གྱི་དུམ་བུ་རྙེད་མཁན་ཡོད་པ་དང་། དེའི་སྟོད་ཙམ་ན་ཞིང་མང་པོ་ཡོད་པའི་ལྗོངས་ཤིག་ཏུ་སྐྱོ་མགུར་འགའ་རེ་གསུངས་པས་དེང་སང་ཡང་གནས་དེ་ལ་ཞིང་མགུར་དུ་གྲགས་པ་དང་། ”ཞེས་གསུངས་པ་འདི་ཡིན་ལ།  འདིའི་ནང་གི་སྡེ་བའི་མིང་མཁས་རྒྱ་དང་ཁེན་གྱ།   ས་མིང་དགོན་རྟགས་དང་སྒོམ་རྟགས་སོགས་འབྲི་ཚུལ་མི་འདྲ་བ་མ་གཏོགས་གནས་ནི་ད་ལྟའང་འདི་དང་འདིའོ་ཞེས་སྟོན་རྒྱུ་ཡོད་དོ།།  ཁོ་བོས་མཁས་རྒྱ་ཞེས་འབྲི་དོན་ནི་ལ་ཙེའི་རྡོ་ལེབ་ངོས་སུ་སྔོན་མ་དག་གིས་དེ་ལྟར་བྲིས་པ་ལ་ཐོ་གཏུགས་པ་ཡིན་ལ།   ཞིབ་ཏུ་ཁོ་བོས་བྲིས་པའི《ས་མིང་དང་མི་མང་འགའི་ཐོགས་ཚུལ་བཤད་པ》ཟེར་བར་དཔྱད་ཁུལ་བྱས་ཡོད། ཇུ་ནང་བས་སྒོམ་རྟགས་ཞེས་པའང་ཐོས་བསམ་སྒོམ་གསུམ་ལས་སྒོམ་ལ་ཞུགས་ས་ཡིན་པས་དེ་ལྟར་བཏགས་པས་ཀྱང་ཆོས་རྗེ་ཉིད་སྡེ་བ་འདི་ནས་བཞུགས་མྱོང་བར་ཁས་ལེན་ཐོབ་པར་ཤིན་ཏུ་གསལ་ལོ།།  གཞན་ཡང་ཆུ་མིག་གམ་དུ་ཕྱག་ཚ་བཏབ་ས་ནས་ད་ལྟའང་ད་དུང་དོ་རྒྱའི་ཡུལ་གྱི་སྐྱེ་བོ་སུ་ཞིག་གིས་འབུམ་ཁང་རེ་རྒྱག་པའི་ཚེ་ས་དེ་ནས་རྟེན་འབྲེལ་དང་བྱིན་རླབས་ལ་དམིགས་ཏེ་ས་དམར་རེ་ལེན་པའི་སྲོལ་ཡོད་པ་རེད།

        མཇུག་བསྡུ་བའི་གཏམ།

  ཆོས་རྗེ་དོན་གྲུབ་རིན་ཆེན་ནི་དུས་རབས་ཤིག་གི་རིགས་པའི་དཔའ་བོ་དང་།  རི་བོ་དགེ་ལུགས་པའི་ཆོས་རྒྱུན་སྲོལ་འབྱེད་མཉམ་མེད་ཙོང་ཁ་ཆེན་པོའི་མེད་དུ་མི་རུང་བའི་བླ་མ་གཅིག་པུ་ཡིན། 

   ཁོང་གི་རྣམ་ཐར་དང་།   གསུང་རྩོམ་ལ་དྲང་པོ་དྲང་བཞག་གིས་ཞིབ་འཇུག་བྱེད་རྒྱུ་རང་རེའི་ཕྱི་རབས་པ་རྣམས་ཀྱི་གཡོལ་དུ་མེད་པའི་ལས་འགན་ཡིན། 

   ཁོ་བོས་རྩོམ་ཡིག་སྔ་ཕྱི་གཉིས་བྲིས་ཏེ་སྤྱི་གཅན་ཚའི་ཡུལ་དང་སྒོས་སུ་དོ་རྒྱ་མཁས་རྒྱའི་ཡུལ་དུ་ཡོད་པའི་ཆོས་རྗེའི་ངག་རྒྱུན་དང་།  དཔང་རྟགས།   དཔྱད་གཞི་ལ་གསལ་ཁ་ཙམ་བཏོད་པ་ལ་དགེ་བ་རེ་ཡོད་ན་ཡབ་རྗེ་བླ་མས་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོས་པ་དང་།  གལ་ཏེ་ཉེས་པ་དང་།   ཕྱོགས་རིས།   སྙམ་བཤད་ཀྱི་ཆ་ཡོད་ན་མཁས་པ་རྣམས་ཀྱིས་སྤྱན་སྔར་བཟོད་གསོལ་ཞུ།།

    2017ལོའི་ཟླ8ཚེས22ཉིན།

དཔྱད་གཞིའི་ཡིག་ཆ།

1、《མདོ་སྨད་ཆོས་འབྱུང》བྲག་དགོན་པས་བརྩམས།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

2、ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུམ་འབུམ》གླེགས་བམ་གསུམ་པ་ལས《བྱ་ཁྱུང་གདན་རབས》ཚེ་ཏན་ཞབས་དྲུང་གིས་བརྩམས།  མི་རིགས་དཔེ་སྐྲུན་ཁང་།2007ལོའི་ཟླ4པར།

3、《གཅན་ཚའི་གནས་ཡིག》དོ་རྒྱ་བསོད་ནམས་ཚེ་རིང་གཙོ་སྒྲིག་བྱས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།   2008ལོའི་ཟླ8པར་དཔར།  

119.jpg

མཁས་རྒྱ་སྡེ་བ།

120.jpg

༢༠༡༦ལོའི་དབྱར་གཞུང་གསར་དུ་བསྟད་པའི་མཁས་རྒྱའི་ལ་ཙེ། 

121.jpg

ཙོང་ཁའི་སྐྱེས་རི་དང་བྲག་བྱ་ཁྱུང་དགོན།  མཁས་རྒྱའི་དགོན་རྟགས་གསུམ་གྱི་བསྟར་པར།  

123.jpg

མཁས་རྒྱའི་རྩེ་རི་དང་མཁས་རྒྱའི་དགོན་རྟགས།  

124.jpg

མཁས་རྒྱའི་ལ་ཙེའི་ནང་ནས་བླངས་པའི་༼བདག་སྡེ་མཁས་རྒྱས་༽ཞེས་བཀོད་པའི་རྡོ་ལེབ།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།