ཀྲུང་གོ་བོད་ཀྱི་དྲ་བ།

དགའ་ལྡན་ཁྲི་ཐོག་དགུ་པ་རྗེ་དབོན་བློ་བཟང་ཉི་མ།

    སྤེལ་དུས། : 2017-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 རབ་བྱུང་བདུན་པའི་ས་ལུག་༡༤༣༩ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་རྗེ་བདག་ཉིད་ཆེན་པོའི་དབོན་པོར་སྐུུ་འཁྲུངས། ཆུང་དུས་ནས་དབུས་སུ་བྱོན་ཏེ། འཇམ་དབྱངས་ཆོས་རྗེའི་སློབ་མ་མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་དང༌། མཁས་པ་ལྟག་ལེབ་པ་བྱང་ཆུབ་རྒྱལ་མཚན། སློབ་དཔོན་གྲགས་འོད་པ་སོགས་ལ་བསྟེན་ནས་ཚད་མ་དང༌། དབུ་ཕར། འདུལ་མཛོད་ཀྱི་གཞུང་ལུགས་ཆེན་པོ་རྣམས་ལ་བརྩོན་པས་གཞན་དྲིང་མི་འཇོག་པའི་མཁས་པའི་གོ་ས་བསྙེས། གསང་ཕུར་གཞུང་ཆེན་པོ་པོ་ཏི་ཉི་ཤུ་རྩ་གཉིས་ཀྱི་གྲྭ་སྐོར་མཛད་པའི་སྐབས་རྩོད་པའི་ཁྱུ་མཆོག་ཏུ་གྲགས་པའི་སློབ་དཔོན་རྩེ་ཉག་པ་ཡང་རྩོད་པས་ཕམ་པས། མཚན་སྙྙན་གྱིས་ཕྱོགས་ཀྱི་བུ་མོའི་ཁྱོན་ཀུན་ཡོངས་སུ་བརྡལ། དེའི་ཕྱི་ལོ་ནས་སྟག་ཚང་རྭ་བ་སྟོད་པ་རྒྱལ་ཚབ་གསེར་ཟན་གྲྭ་ཚང་གི་འཆད་མཉན་པའི་མཁན་ཁྲིར་ནན་ཀྱིས་གདན་དྲངས་པ་ལྟར་ཕེབས་ཏེ། གཞུང་ལུགས་རྒྱ་མཚོ་ལྟ་བུའི་འཆད་མཉན་དབྱར་གྱི་མཚོ་ཆེན་བརྡོལ་བ་ལྟར་མཛད། རྭ་སྟོད་འཆད་ཉན་པའི་ཁྲི་ལས་ཟུར་ནས་དཔལ་གྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོར་ཕེབས་ཏེ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་ཞབས་དྲུང་ནས་མདོ་སྔགས་ཀྱི་གསེར་ཆོས་ཤིན་ཏུ་མང་པོ་བུམ་པ་གང་བྱོའི་ཚུལ་དུ་གསན།སླར་ཡང་དབུས་སུ་ཕེབས་པ་དང་རབ་བྱུང་བརྒྱད་པའི་མེ་རྟ་༡༤༨༦ལོར་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་འཆད་མཉན་གྱི་མཁན་ཁྲིར་གདན་དྲངས་པ་ལྟར་ཕེབས་ཏེ་འཇམ་དབྱངས་ཆོས་རྗེ་པའི་གདན་སར་མི་འཇིགས་སེང་གེའི་ཁྲི་ལ་དབང་བསྒྱུར། གྲྭ་ཚང་བདུན་ཀའི་འདུས་སྡེ་ཀུན་ལ། མདོ་སྔགས་ཆོས་ཀྱི་ཆར་ཆེར་ཕབ། གདན་ས་ལས་ཟུར་ནས། ཚལ་གུང་ཐང་དུ་དབོན་དགོན་བཏབ་ནས་རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་འཆང་ནས་བཞུགས་པ་ལ།གནས་དེ་ནས་ཆུ་མིག་རང་བརྡོལ་དུ་བྱུང་བས། གྲུབ་པའི་རྟགས་མཚན་དུ་བགྲངས་ཏེ་ཀུན་གྱིས་ཡ་མཚན་པར་བྱེད། དད་ལྡན་སྐྱེ་བོ་དུ་མས་སྐུུལ་བ་ལྟར་དབུ་རུ་ལྷོ་བྱང་དང༌། ཨེ་དྭགས་གཉལ་གསུམ་ཡར་ཀླུང་སྟོད་སྨད་རྣམས་སུ་ཕེབས་ནས་དབུས་གཙང་གི་ཁྱོན་ཀུན་རྗེ་འདི་དང་ཆོས་འབྲེལ་སློབ་མ་གྱུར། སླར་ཡང་གསང་ཕུ་རྭ་བ་སྨད་པས་གདན་དྲངས་པ་ལྟརའཆད་ཉན་པའི་གདན་ས་མཛད་དེ་གཞུང་ཆེན་ཁག་དང་ལྷག་པར་རྗེ་བླ་མའི་དྲང་ངེས་ལེགས་བཤད་སྙྙིང་པོའི་དགོངས་དོན་རྩལ་དུ་བཏོན་ནས་འཆད་མཉན་སྤེལ་ནས་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་བྱས། རབ་བྱུང་བརྒྱད་པའི་ལྕགས་ཁྱི་༡༤༩༠ལོར་འབྲས་སྤུངས་གདན་ས་རོང་པོ་ཆོས་རྗེ་བློ་བཟང་གྲགས་པ་ལ་གནང་ནས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་ལ་ཞབས་སེར་འཁོར་ལོའི་རེ་ཁ་མངོན་པར་བཀོད། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ལུགས་བཟང་གསེར་སྦྱངས་རིང་ལུགས་གཙང་མའི་བསྟན་པ་འདི་ཉིད་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱ་ཆེར་སྤེལ། དགུང་ལོ་ང་བཞི་པ་རབ་བྱུང་བརྒྱད་པའི་ཆུ་བྱི་༡༤༩༢ལོར། རྟག་འཛིན་ཅན་རྣམས་ཆོས་ལ་སྐུུལ་ཕྱིར་གཟུགས་སྐུུ་རགས་པ་མངོན་པར་བསྡུས་ནས་བདེ་ཆེན་དག་པའི་ཞིང་དུ་ཞི་བར་གཤེགས། གསུང་ལས་སྐྱེས་པའི་སློབ་མ་ཡང༌། རྭ་བ་སྟོད་སྨད་དང་འབྲས་སྤུངས་སོགས་སུ་རྩོད་མེད་མཁས་གྲུབ་དུ་མ་བྱོན། གསུང་གི་ལེགས་བཤད་ཀྱང་དྲང་ངེས་བཀའ་འགྲེལ་སོགས་མཛད་པར་སྣང༌།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།