ཀྲུང་གོ་བོད་ཀྱི་དྲ་བ།

གྲུབ་པའི་དབང་ཕྱུག་ཆེན་པོ་དཀའ་བཅུ་བ་དཔོན་སློབ་ཀུན་དགའ་ཆོས་འཕེལ་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༧གྲུབ་པའི་དབང་ཕྱུག་ཆེན་པོ་དཀའ་བཅུ་བ་དཔོན་སློབ་ཀུན་དགའ་ཆོས་འཕེལ་རྒྱ་མཚོ་མཆོག་ནི། རེབ་གོང་གསེར་མོ་ལྗོངས་ཀྱི་ཧོར་ཕ་བཞིའི་ཉིན་དུ་ཡབ་མགོན་ཤུལ་ཚུལ་ཁྲིམས་དར་རྒྱས་དང་ཡུམ་ཧོར་དཔོན་པོ་ཀླུ་རྒྱལ་བྱམས་ཀྱི་སྲིང་མོ་བཀྲ་ཤིས་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ལྕགས་ལུག་སྤྱི་ལོ་(1631)ལ་འཁྲུངས་ཤིང་། འདི་བའི་སྐུ་ཕྲེང་གོང་མ་སྟེ་མགར་རྩེ་བླ་མ་ལྕགས་ཕྲེང་ཅན་དུ་གྲགས་པ་ཁོང་མྱ་ངན་ལས་འདའ་ཁར་སྐྱེ་བ་ཕྱི་མར་དཔོན་ཆེན་ཞིག་གི་ཉེ་ཆར་དགེ་བའི་བཤེས་གཉེན་གྱི་རྣམ་པས་དམ་ཆོས་རྣམ་དག་བྱེད་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པ་ལྟར་ངོ་མཚར་བའི་ལྟས་དང་བཅས་ཏེ་བལྟམས།སྲས་སྐུ་མཆེད་ལྔ་ཡོད་པ་ལས་ཁོང་ཆེ་བ་ཡིན། གཞོན་དུས་ནས་བྱང་ཆུབ་ཀྱི་སེམས་རང་ཆས་སུ་མངའ་ལ་མངོན་ཤེས་ཀྱང་གསལ་བར་གྲགས། དགུང་ལོ་བདུན་གྱི་སྟེང་གྲུབ་ཆེན་ཆོས་པ་རིན་པོ་ཆེ་ལས་རབ་ཏུ་བྱུང་ཞིང་ཀུན་དགའ་ཆོས་འཕེལ་ཞེས་མཚན་གསོལ།དགུང་ལོ་བཅུར་སོན་པ་ནས་རིམ་བཞིན་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོ་དང་གྲུབ་ཆེན་ཆོས་པ་རིན་པོ་ཆེ། གཡུ་རྔོག་མ་ཎི་བ་བསམ་གཏན་རྒྱ་མཚོ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱི་ཞབས་པད་ཚུལ་བཞིན་བསྟེན་ཏེ་ཟབ་རྒྱས་ཀྱི་གདམས་པ་མང་དུ་གསན།ཕྱིས་སུ་བླ་མས་ལུང་བསྟན་བཞིན་དབུས་སུ་ཕེབས་ཏེ་པཎ་ཆེན་བློ་བཟང་ཆོས་རྒྱན་དང་ཤར་རྩེ་བློ་བཟང་རྒྱལ་མཚན་རྣམ་གཉིས་དང་མཇལ་ཏེ་བཀའ་ཆོས་གང་མང་གསན། དགུང་ལོ་སོ་གཉིས་སྟེང་པཎ་ཆེན་བཞི་བ་ཆེན་པོ་ཞིང་གཞན་དུ་གཤེགས་པའི་དགོངས་རྫོགས་སུ་སྔར་ཀུཤྲཱི་བསྟན་འཛིན་གྱིས་ཕུལ་བར་གྲགས་པའི་པདྨ་རཱ་གའི་ཏོག་སོགས་དངོས་རྫས་འབོར་ཆེན་ཕུལ། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་སྔགས་ལ་སྦྱང་སྐབས་སུ་ཅོ་ནེ་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས་ཀྱི་ཞབས་ལ་གཏུགས་ཏེ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་གཉིས་ཀྱི་ལམ་ལ་གསན་སྦྱང་ཐུགས་ཐག་ཆོད་པ་མཛད། གཞན་ཡང་ཞྭ་ལུ་མཁན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་ཞབས་པད་ཚུལ་བཞིན་བསྟེན་ཏེ་གསང་བ་རིན་ཆེན་ཡིད་བཞིན་ནོར་བུ་སྙན་བརྒྱུད་མན་ངག་དང་བཅས་རྫོགས་པར་གསན་པ་སོགས་སྔགས་གཞུང་ལ་ཐོས་བསམ་རྣལ་མ་མཛད་པས་ཉམས་རྟོགས་ལྷག་པར་འཕེལ་ཏེ་ཨ་མདོའི་བླ་མ་རྟོགས་མཐོར་གྲགས། རྭ་སྒྲེང་དུ་ཕེབས་ཏེ་གཟིམ་སྤྱིལ་བརྩིགས་ནས་གཏན་ཆགས་སུ་བཞུགས་རྩིས་མཛད་ཀྱང་སློབ་མ་མང་དུ་འདུས་པ་ཉམས་ལེན་གྱི་གེགས་སུ་གཟིགས་ནས་བུག་སྒོ་འདག་སྦྱར་གྱིས་སྒྲུབ་པ་ཡུན་རིང་མཛད་པས་ཨ་མདོའི་བླ་མ་སྒོ་གཡིས་སུ་གྲགས་ལ། དེ་ཡང་ཇི་སྐད་དུ་སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱིས། སྒྲུབ་པ་སྙིང་བོར་མཛད་པས་ཉམས་དང་རྟོགས་པ་ཀློང་དུ་བརྡོལ་བ་བདེ་ཆེན་ཆོས་འཕེལ་རྒྱ་མཚོ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་བཞིན་རྟོགས་པ་ཀློང་དུ་རྡོལ། ཁོང་བྱ་བྲལ་མཛད་དེ་དབུས་ཀྱི་ལྷོ་བྲག་དང་བདེ་ཆེན་སྟེང་སོགས་སུ་སྒྲུབ་པ་མཛད། སྐབས་དེར་དཔལ་ལྡན་ལྷ་མོའི་ཞལ་གཟིགས་ཏེ་མདོ་སྨད་དུ་ཕེབས་ན་དགོས་པ་ཆེ་ཚུལ་གྱི་ལུང་བསྟན་པ་དང་རྒྱལ་པོ་ཇུ་ནང་གིས་བཀའ་ཤོག་ནན་ཅན་འབྱོར་བ་དུས་འགྲིག་པས་རང་ཡུལ་དུ་ཕེབས་རྒྱུར་ཐུགས་ཐག་བཅད། ལམ་བར་དུ་རྒྱལ་མེ་ཏོག་ཐང་དུ་ཞག་བཞུགས་མཛད་ཚེ།མནལ་ལམ་དུ་བུད་མེད་ཞིག་གིས་ཁྱེད་རང་ཡུལ་དུ་ཕེབས་པ་ངོ་མཚར་ཆེ། རྟེན་དང་དམ་རྫས་འདི་ལས་མི་དགོས་དབྱངས་ཡིག་ཆོས་འཁོར་རྒྱལ་ནས་ལོངས་གསུངས་ནས་ཕེབས་སོང་། ཕྱི་ཉིན་ཁོང་འོད་གསལ་ལས་བཞེངས་པ་ན་དབུ་སྔས་སུ་ཙན་དན་ལས་གྲུབ་པའི་ལྷ་མོའི་སྐུ་དང་སྦུབ་ཆ་ཚངས་པའི་དབྱངས་ལྡན་སོགས་དམ་རྫས་མང་དུ་ཡོད་པ་བསྣམས་ཏེ་ཕེབས། སྐུ་དང་རོལ་ཆ་ད་ལྟའང་དགོན་པའི་རྟེན་ཁྲོད་དུ་བཞུགས། ཐོག་མར་ཇུ་ནང་གི་ཨུརྒེར་ཕེབས་ཏེ་བཀའ་ཆོས་འདོད་མོས་སུ་བསྩལ་བས་འབུལ་བར་ལྷ་གུར་རྟེན་བརྟེན་པ་དང་བཅས་པས་ཐོག་དྲངས་དངོས་འབུལ་སྤམ་མཐོ་བ་བཏེགས། གཞན་ཡང་ས་ཆུ་ནགས་གསུམ་གྱི་ཆོ་ལོ་སོགས་ཀྱང་ཕུལ།ལྷ་གུར་དང་ལྷན་དུ་ཕུལ་བའི་གནས་བརྟན་བཅུ་དྲུག་གི་ཐང་ག་ད་ལྟའང་བཞུགས། དེ་ནས་དབེན་གནས་སྟག་རྫོང་སོགས་སུ་སྒྲུབ་པ་མཛད། དགུང་ལོ་ཞེ་གཉིས་སྟེང་རང་ཡུལ་དུ་ཕེབས་ཏེ་བཀྲ་ཤིས་ལ་སྟོད་དུ་སྒྲུབ་པ་མཛད་སྐབས་སློབ་མ་མང་དུ་འདུས་ཏེ་ཆོས་སྡིངས་རི་ཁྲོད་ཆགས། སྐབས་ཤིག་མཁན་ཆེན་དགེ་འདུན་རྒྱ་མཚོ་ཡར་ནང་དུ་མ་ཎི་འཛུགས་པར་ཕེབས་ལམ་དུ་རི་ཁྲོད་འདིར་ཕེབས།འདི་བའི་སྐུ་གོང་མ་མ་ཎི་བ་བསམ་གཏན་རྒྱ་མཚོ་ཁོང་ཉིད་ཀྱི་བླ་མ་ཡིན་སྟབས་གདན་འདྲེན་ཞུས་ཏེ། རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་སོགས་བསྩལ།ཕྱིས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་སྤྲེལ་ལ་དཔོན་སློབ་ནོར་བུ་དང་གཅུང་ཚུལ་ཁྲིམས་རྒྱ་མཚོ་གཉིས་ལ་ཐུགས་བཀོད་གནང་སྟེ་དགོན་གནས་གསར་སྤོས་ཀྱི་རྨང་བཏིང་བར་རྒྱལ་པོ་ཝང་ཚང་གིས་སྦྱིན་བདག་མཛད་དེ་ས་འཛིན་གྱི་བྱམས་ཁང་བཞེངས། འདི་ལ་ཕྱིས་སུ་ཨུརྒེ་ལྷ་ཁང་ཡང་ཟེར། བྱམས་སྐུ་འདིའི་ནང་དུ་རྭ་ལོཙྪ་བའི་ཚེམས་སོགས་རྟེན་སྣ་འགངས་ཆེན་གང་མང་བཞུགས་ཤིང་ཐུགས་ཀར་དྲོད་ཚད་ལྡན་པ་མཁས་གྲུབ་ཆེན་པོ་རྗེ་མ་ཎི་བ་ཤེས་རབ་བཀྲ་ཤིས་ཀྱིས་ཕྱག་བཟོ་གནང་བར་གྲགས། རྗེས་སུ་འདུ་ཁང་སོགས་ལེགས་པར་གྲུབ་པ་ན་ཧོར་དཔོན་པོའི་མངའ་ཞབས་ཀྱི་རུ་སྡེ་རྣམས་དང་སོག་པོའི་ཆིང་ཝང་སོགས་ཀྱིས་གསོལ་བ་བཏབ་པ་ལྟར་བདེ་གསང་འཇིགས་གསུམ་སྨན་བླ་ཀུན་རིག་སོགས་ཀྱི་དབང་ལུང་ཡང་འདོད་མོས་བཞིན་བསྩལ། སྐབས་དེར་རོང་བོའི་དགོན་ཆེན་དང་བཀྲ་ཤིས་འཁྱིལ་གཡེར་གཤོང་སོགས་སུ་མང་འགྱེད་དང་མཆོད་ཐེབས་གང་མང་ཕུལ། དེ་ནས་རིམ་བཞིན་མགར་རྩེ་བྱམས་པ་ཞིག་གསོ་མཛད་པ་དང་རྫོང་སྔོན་དུ་རྟིས་ཚང་མ་ཎི་བས་མཚམས་ཁང་བརྩིགས་ཏེ་ཐུགས་དམ་མཛད་པར་བྱ་བཏང་བ་འགའ་ཞིག་འདུས་པ་ལ་འདི་བས་བདག་རྐྱེན་སྦྱར་ཏེ་སྒྲུབ་གྲྭ་གསར་འཛུགས་གནང་བ་དང་ཆིང་ཝང་གིས་ཕུལ་བའི་རྒྱན་དྲུག་མཆོག་གཉིས་ཀྱི་ཐང་ག་སོགས་ནང་རྟེན་དུ་བསྩལ། དར་ཞིང་ཤུག་ཟར་དུ་གཡུ་རྔོག་བསམ་གཏན་རྒྱ་མཚོས་སྒྲུབ་པ་མཛད་དེ་སྒྲུབ་སྡེའི་གཞི་བཏིང་བ་ཕྱིས་སུ་ཁོང་གིས་བདག་རྐྱེན་གནང་སྟེ་སྒྲུབ་སྡེ་ཆགས་པར་གསུངས་པ་སོགས་བྱ་བ་ལས་ཀྱི་མཛད་བཟང་མཐའ་ཡས་ཀྱང་འདིར་མདོ་ཙམ་ཀྱིས་འཐུས་པར་བྱས་སོ། །

དགུང་ལོ་བརྒྱད་ཅུ་བ་རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས་ཏེ་སྤྱི་ལོ(1711)ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །གསུང་རྩོམ་གྱི་སྐོར་ལ་ལམ་རིམ་བློ་སྦྱོང་སོགས་མདོ་སྔགས་ཀྱིས་བསྡུས་པའི་གཞུང་གི་དཀའ་གནད་ཟིན་བྲིས་དང་དོགས་དཔྱོད་སོགས་པོ་ཏི་བཅུ་ལྷག་ཡོད་པར་བཤད་ཀྱང་ད་སྔ་ལག་སོན་བྱུང་བ་ནི། རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་པའི་རིམ་པ་གསལ་བར་བྱེད་པ་ཞེས་བྱ་བ་འདི་ཙམ་ལས་མཐོང་དཀོན་པར་སྣང་བ་ལགས་སོ། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།