ཀྲུང་གོ་བོད་ཀྱི་དྲ་བ།

གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་བཞུགས་སོ། །

    སྤེལ་དུས། : 2018-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།


1.jpg

༄༅། །རྒྱ་གར་སྐད་དུ། གྲ་ཧ་མཱ་ཏྲི་ཀ་ནཱ་མ་དྷ་ར་ཎི། བོད་སྐད་དུ། གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འབྲོག་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། བདུད་དང༌། ཉི་མ་དང༌། ཟླ་བ་དང༌། མིག་དམར་དང༌། པ་སངས་དང༌། ཕུར་བུ་དང༌། གཟའ་ལྷག་པ་དང༌། སྤེན་པ་དང༌། སྒྲ་གཅན་འཛིན་དང༌། མཇུག་རིང་རྣམས་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་མང་པོ་རྣམས་ཀྱིས་བསྟོད་པ། རྡོ་རྗེ་ཆེན་པོའི་དམ་ཚིག་གི་བྱིན་གྱིས་བརླབས་ཀྱིས། རྡོ་རྗེའི་ཁྲི་ལ་བཞུགས་སོ། །བྱང་ཆུབ་སེམས་དཔའ་དུ་མ་དང་ཡང་ཐབས་གཅིག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་གཏུམ་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྡེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་གཞུ་ཅན་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་བདག་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་རྒྱན་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་འོད་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་གཟིགས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དཔལ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་ཏོག་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞལ་རས་རྒྱས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་སྙིང་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་སྤྱན་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཀྱིས་བསྐོར་ཞིང་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ། །བཀོད་པ་ཆེན་པོའི་རྒྱན་གྱི་ནོར་བུ་ཞེས་བྱ་བ་ཐོག་མར་དགེ་བ་དང༌། བར་དུ་དགེ་བ་དང༌། ཐ་མར་དགེ་བ་དང༌། དོན་བཟང་པོ་དང༌། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བའི་ཆོས་སྟོན་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་འཁོར་དེ་དག་ལ་བལྟས་ཏེ། ལངས་ནས་རང་གི་རྫུ་འཕྲུལ་གྱི་བྱིན་གྱིས་བརླབས་ཀྱིས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ། ཕྱག་འཚལ་ནས་སྤྱན་སྔར་འདུག་སྟེ། བསྙེམས་པ་དང་བཅས་པས་སྐྱིལ་མོ་ཀྲུང་ལེགས་པར་བཅས་ནས། འཁོར་དེ་དག་ལ་འགྱིང་བག་ཏུ་བལྟས་ཏེ། རྡོ་རྗེའི་ཐལ་མོ་རང་གི་སྙིང་གར་བཞག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟའ་མི་བཟད་པ་དང༌། མི་བཟད་པའི་གཟུགས་ཅན། དྲག་ཤུལ་གྱི་སེམས་དང་ལྡན་པ། ཁྲོ་བ་ཁྲོ་བའི་གཟུགས་ཅན་དག་སེམས་ཅན་ཐམས་ཅད་ལ་འཚེ་བར་བགྱིད་པ། མཐོ་འཚམས་པར་བགྱིད་པ། མདངས་འཕྲོག་པར་བགྱིད་ཅིང༌། ཁ་ཅིག་ནོར་ཟས་འཕྲོག་པར་བགྱིད། ཁ་ཅིག་སྲོག་འཕྲོག་པར་བགྱིད། སེམས་ཅན་ཚེ་རིང་བ་ཁ་ཅིག་ནི་ཐུང་ངུར་བགྱིད་དོ། །དེ་ལྟར་སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བར་བགྱིད་པ་དེ་རྣམས་ཀྱི་སླད་དུ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་གང་གིས་སེམས་ཅན་ཐམས་ཅད་ལ་བསྲུངས་བར་འགྱུར་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཡང་ཁྱོད་ཀྱིས་སྙིང་རྗེ་བསྐྱེད་པས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང༌། གསང་ཆེན་བས་ཀྱང་ཆེས་གསང་བ་དེ་བཞིན་གཤེགས་པར་ཞུ་བར་བྱེད་པ་ལེགས་སོ་ལེགས་སོ། །དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། གཟའ་མི་བཟད་པའི་གཟུགས་ཅན་ཤིན་ཏུ་ཁྲོ་བ་དང༌། ཤིན་ཏུ་འཇིགས་པར་བྱེད་པ་རྣམས་ཀྱིས་མཆོད་པ་དང༌། མཆོད་ཡོན་དང་བཟླས་བརྗོད་བཟང་པོ་གསང་བ་བས་ཀྱང་ཆེས་གསང་བ་ངས་བཤད་དོ། །དེ་དག་མཆོད་པས་མཆོད་གྱུར་ཅིང༌། །གནོད་པ་བྱས་ན་གནོད་བྱེད་དང༌། །གཟའ་དེ་ཀུན་གྱི་ཁ་དོག་དང༌། །ཇི་ལྟར་དགའ་བར་འགྱུར་བ་དང༌། །ལྷ་རྣམས་དང་ནི་ལྷ་མིན་དང༌། །མི་འམ་ཅི་དང་ཀླུ་དག་དང༌། །གནོད་སྦྱིན་རྣམས་དང་སྲིན་པོ་དང༌། མི་རྣམས་དང་ནི་མི་མ་ཡིན། །དྲག་པོ་གཟི་བརྗིད་ཆེན་པོ་དང༌། །ཁྲོས་པ་ཞི་བར་བྱེད་པ་དེའི། །གསང་སྔགས་རྣམས་དང་མཆོད་པ་དང༌། །རིམ་པ་བཞིན་དུ་བཤད་པར་བྱ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉིད་ཀྱི་ཐུགས་ཀ་ནས་སྙིང་རྗེ་རྣམ་པར་རོལ་པ་ཞེས་བྱ་བའི་འོད་ཟེར་བཀྱེ་སྟེ། གཟའ་རྣམས་ཀྱི་སྤྱི་བོར་ཞུགས་སོ། །དེ་ནས་དེའི་མོད་ལ་ཉི་མ་ལ་སོགས་པའི་གཟའ་ཐམས་ཅད་ལངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ལྷ་རྫས་ཀྱི་མཆོད་པ་རྣམས་ཀྱིས་མཆོད་པ་བྱས་ཏེ། ཕྱག་འཚལ་ནས་པུས་མོ་བཙུགས་ནས་ཐལ་མོ་སྦྱར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག་ལ་སྨན་ཡོན་བཏགས་པར་གྱུར་ཏོ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་གང་གིས་བདག་ཅག་རྣམས་ལ་སོགས་པ་ཆོས་སྨྲ་བ་རྣམས་ལ་བསྲུང་བར་འགྱུར་བ་དང༌། ཡོངས་སུ་བསྐྱབ་པ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། མཚོན་ཆ་སྤང་བ་དང༌། ཆད་པ་སྤང་བ་དང༌། དུག་གཞིལ་བ་དང༌། དུག་བསད་པ་དང༌། མཚམས་བཅད་པ་དང༌། ས་བཅིང་བ་རྣམས་བགྱིད་པར་འགྱུར་བ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གཟའ་རྣམས་ལ་མཆོད་པ་དང༌། གསང་སྔགས་བཀའ་སྩལ་ཏོ། །ཨོཾ་མེ་གྷ་ལ་ཀ་ལཱ་ཡ་སྭཱ་ཧཱ། ཨོཾ་ཤི་ཏཾ་ཤ་བཻ་སྭཱ་ཧཱ། ཨོཾ་རཀྟ་ཨ་ག་ཀུ་མཱ་རཱ་ཡ་སྭཱ་ཧཱ། ཨོཾ་བུདྡྷ་ཡ་སྭཱ་ཧཱ། ཨོཾ་བྲྀ་ཧ་སྦ་ཏ་ཡེ་སྭཱ་ཧཱ། ཨོཾ་སུ་རོད་ཏ་མཱ་ཡ་སྭཱ་ཧཱ། ཨོཾ་ཀྲྀཥྞཱ་བརྞ་ཡེ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་བྲི་ཡཱ་ཡ་སྭཱ་ཧཱ། ཨོཾ་ཛོ་ཏི་ཀེ་ཏ་བཻ་སྭཱ་ཧཱ། ལག་ན་རྡོ་རྗེ་འདི་དག་ནི་གཟའ་དགུའི་གསང་སྔགས་ཀྱི་སྙིང་པོ་བཀླགས་པས་གྲུབ་པ་ཡིན་ཏེ། ཁ་དོག་དང་མཐུན་པར་སྤོས་ཀྱི་དཀྱིལ་འཁོར་སོར་བཅུ་གཉིས་པ་བྱས་པའི་དབུས་སུ་མཆོད་པར་བྱའོ། །ཁམ་པའམ་ཟངས་ལ་སོགས་པའམ། གསེར་དང་དངུལ་གྱི་སྣོད་དུ་མཆོད་ཡོན་ཕུལ་ནས། རེ་རེ་ལ་ཡང་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱའོ། །ལག་ན་རྡོ་རྗེ་དེའི་འོག་ཏུ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་ལན་བདུན་བརྗོད་པར་བྱའོ། །དེ་ནས་གཟའ་རྣམས་ཐམས་ཅད་སྲུང་བར་བྱེད་པར་འགྱུར་རོ། །དབུལ་བའི་གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཚེ་ཟད་པ་ལས་ཚེ་རིང་པོར་བྱེད་པར་འགྱུར་རོ། །ལག་ན་རྡོ་རྗེ་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། གཞན་ཡང་སེམས་ཅན་ཀྱི་རིགས་གང་ཡིན་པ་དང༌། གང་དག་གི་རྣ་ལམ་དུ་གྲགས་པ་དེ་དག་ཀྱང་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །ཕྱག་ན་རྡོ་རྗེ་གཟའ་རྣམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་མཆོད་པར་བྱས་ཏེ། ཉིན་གཅིག་བཞིན་དུ་ཀློག་པར་བྱེད་པའི་ཆོས་སྨྲ་བ་གང་ཡིན་པ་དེ་ལ་གཟའ་ཐམས་ཅད་བདག་ཉིད་ཀུན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དེ་དང་རིགས་གཅིག་པ་རྣམས་ཀྱི་དབུལ་བ་ཡང་སེལ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་བཀའ་སྩལ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །པདྨའི་འཆང་ལ་ཕྱག་འཚལ་ལོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་གཟའ་རྣམས་ལ་ཕྱག་འཚལ་ལོ། །རྒྱུ་སྐར་རྣམས་ལ་ཕྱག་འཚལ་ལོ། །གཟའི་ཁྱིམ་བཅུ་གཉིས་པོ་རྣམས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བུདྡྷེ་བུདྡྷེ། བཛྲེ་བཛྲེ། པདྨེ་པདྨེ། ས་ར་ས་ར། པྲ་ས་ར་པྲ་ས་ར། སྨ་ར་སྨ་ར། ཀྲཱྀ་ཌཱ་ཡ་ཀྲཱྀ་ཌཱ་ཡ། མཱ་ར་ཡ་མཱ་ར་ཡ། མརྡྷ་ཡ་མརྡྷ་ཡ། གྷ་ཊ་ཡ་གྷ་ཊ་ཡ། སརྦ་བིགྷྣཱཾ། ཀུ་རུ་ཀུ་རུ། ཚིན་དྷ་ཚིན་དྷ། ཀྵ་པ་ཡ་ཀྵ་པ་ཡ། ཤཱནྟེ་ཤཱནྟེ། དཱནྟེ་དཱནྟེ། དྷ་མ་ཡ་དྷ་མ་ཡ། བཅོམ་ལྡན་འདས་མ་བདག་ཉིད་དུ་བསྟན་དུ་གསོལ། བདག་འཁོར་དང་བཅས་པ་དང༌། སེམས་ཅན་ཐམས་ཅད་ལ་སྲུང་དུ་གསོལ། སྲུང་དུ་གསོལ། གཟའ་ཐམས་ཅད་དང༌། རྒྱུ་སྐར་རྣམས་ཀྱི་གནོད་པ་བཟློག་ཏུ་གསོལ། བཅོམ་ལྡན་འདས་མ་རྫུ་འཕྲུལ་ཆེན་པོ་མངའ་བ། སྡང་བའི་སེམས་ཅན་རྣམས་བསལ་དུ་གསོལ། །བདག་གི་སྡིག་པ་རྣམས་བསྐམ་དུ་གསོལ། ཙཎ་ཌེ་ཙཎ་ཌེ། ཏུ་རུ་ཏུ་རུ། ཙཎ་ཌེ་ནི་ཙཎ་ཌེ་ནི། མུ་ཡུ་མུ་ཡུ། མུ་ཙུ་མུ་ཙུ། བ་ཧ་བ་ཧ། ཨུ་གྲེ་ཨུ་གྲེ་ཏ་མེ། པུ་ར་ཡ་མེ། མ་ནོ་ར་ཐཱཾ་པུ་ར་ཡ། སརྦ་ཏ་ཐཱ་ག་ཏཱ་ཨ་དྷིཥྛཱི་ཏེ། ས་མ་ཡེ་སྭཱ་ཧཱ། ཨོཾ་སྭཱ་ཧཱ། ཧཱུཾ་སྭཱ་ཧཱ། ཧྲཱིཿ སྭཱ་ཧཱ། དྷྲུཾ་སྭཱ་ཧཱ། དྷྲིཾ་སྭཱ་ཧཱ། པདྨ་དྷཱ་ར་སྭཱ་ཧཱ། ཨ་དྷཱི་དྱ་ཡེ་སྭཱ་ཧཱ། སོ་མཱ་ཡ་སྭཱ་ཧཱ། དྷཱ་ར་ཎི་སཱུ་ཏཱ་ཡ་སྭཱ་ཧཱ། བུདྡྷ་ཡ་སྭཱ་ཧཱ། བྲི་ཧསྤ་ཏ་ཡེ་སྭཱ་ཧཱ། ཤུ་ཀྲཱ་ཡ་སྭཱ་ཧཱ། ཀྲྀཥྞཱ་བརྞ་ཡེ་སྭཱ་ཧཱ། ར་ཧ་བཻ་སྭཱ་ཧཱ། ཀཱ་ཏ་བཻ་སྭཱ་ཧཱ། བུདྡྷ་ཡ་སྭཱ་ཧཱ། བཛྲ་དྷ་རཱ་ཡ་སྭཱ་ཧཱ། པདྨ་དྷ་རཱ་ཡ་སྭཱ་ཧཱ། ཀུ་མཱ་རཱ་ཡ་སྭཱ་ཧཱ། སརྦ་གྲ་ཧྱེ་བྷྱཿསྭཱ་ཧཱ། སརྦ་ནཀྵ་ཏྲེ་བྷྱཿསྭཱ་ཧཱ། སརྦ་དྭ་དི་ཤ་རཱ་ཤ་ནི་བྷྱཿསྭཱ་ཧཱ། སརྦ་ཨུ་བ་དྲ་བ་སྭཱ་ཧཱ། ཨོཾ་སརྦ་བི་དྱེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཕྱག་ན་རྡོ་རྗེ་འདི་ནི་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་དངོས་གྲུབ་ཐམས་ཅད་ཀྱི་གཞི་ཡིན་ནོ། །ཕྱག་ན་རྡོ་རྗེ་གང་ཡང་གཟའ་རྣམས་ཀྱི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་སྟོན་ཟླ་ཐ་ཆུང་ཡར་གྱི་ངོའི་ཚེས་བདུན་ནས་བརྩམས་ཏེ་གསོ་སྦྱོང་དང་ལྡན་པར་བྱས་ཏེ། ཚེས་བཅུ་བཞིའི་བར་དུ་གཟའ་རྣམས་ལ་མཆོད་པ་བྱས་ཏེ་གཟུང་བར་བྱའོ། །དེ་ནས་ཟླ་བ་ཉའི་ཉིན་མཚན་ཐོག་མཐའ་བཀླགས་ན། དེ་དག་ལོ་དགུ་བཅུ་རྩ་དགུའི་བར་འཆི་བའི་འཇིགས་པ་མི་འབྱུང་ངོ༌། །གཟའི་འཇིགས་པ་དང༌། སྐར་མདའ་ལྷུང་བ་དང༌། ཟླ་བ་དང་རྒྱུ་སྐར་གྱི་གནོད་པས་འཇིགས་པར་མི་འགྱུར་རོ། །ཚེ་རབས་དྲན་པར་འགྱུར་རོ། །གཟའ་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །གཟའ་ཐམས་ཅད་ཀྱིས་ཅི་འདོད་པ་སྦྱིན་པར་བྱེེད་དོ། །དེ་ནས་བཅོམ་ལྡན་འདས་ལ་གཟའ་རྣམས་ཀྱིས་ཕྱག་འཚལ་ཏེ། ལེགས་སོ་ལེགས་སོ་ཞེས་གསོལ་ཏེ་མི་སྣང་བར་གྱུར་ཏོ། །གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།



རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།