ཀྲུང་གོ་བོད་ཀྱི་དྲ་བ།

《གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད》ཁག་གཉིས་པ་པར་སྐྲུན་བྱས།

    སྤེལ་དུས། : 2020-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 

"གཅིག་གཉིས་ལྔ"རྒྱལ་ཁབ་ཀྱི་གཙོ་གནད་དཔེ་དེབ་པར་སྐྲུན་འཆར་འགོད་རྣམ་གྲངས་དང་། གྲངས་ཉུང་མི་རིགས་ཡི་གེ་པར་སྐྲུན་ཆེད་སྤྱོད་མ་དངུལ་རམ་འདེགས་རྣམ་གྲངས་ཟུང་དུ་ཚུད་པའི་དེབ་དྲུག་ཅུའི་བདག་ཉིད་ཅན་གྱི《གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད》ཁག་དང་པོ་ནི2005ནས2015ཡི་བར་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། འདི་ནི་རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་དུ་ཆུང་འབྲིང་སློབ་མ་རྣམས་ལ་ཁ་གཏད་ནས་ཆེད་དུ་པར་སྐྲུན་བྱས་པའི་དཔེ་མཛོད་ཐོག་མ་ཡིན། ཚོང་རར་བཀྲམ་པ་ན་རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཅིང་། ད་སྔའི་བར་དེབ་འགའ་མ་གཏོགས་ཕལ་ཆེ་བ་བསྐྱར་དཔར་བརྒྱབ་བྱུང་། དེབ་ལ་ལ་ཞིག་ད་རག་བར་བསྐྱར་དཔར་ཐེངས་བདུན་བརྒྱད་དང་། འགྲེམ་གྲངས་ཁྲི3ཡན་ལ་སླེབས་ཡོད། བོད་ཡིག་གི་དཔེ་ཆའི་ཁྲོད་དུ་འགྲེམ་གྲངས་འདི་ལྟ་བུ་ནི་ཆེས་བྲིན་པའི་གྲས་ཡིན་ཞིང་། འདི་ལས་ཀྱང་ཀློག་མཁན་རྣམས་ཀྱིས་དགའ་བསུ་བྱེད་བཞིན་ཡོད་པ་ཤེས་པ་ལས་གཞན། ཕན་པ་ཆེན་པོའི་དགེ་མཚན་ལྡན་པ་ཡང་མངོན་པར་གསལ། དགེ་མཚན་ཆེན་པོའི་རྒྱུན་འདི་སྐྱོང་སླད། ཉེ་ཆར་ཡང་བསྐྱར་གྲངས་ཉུང་མི་རིགས་ཡི་གེ་པར་སྐྲུན་ཆེད་སྤྱོད་མ་དངུལ་རམ་འདེགས་རྣམ་གྲངས་སུ་ཚུད་པའི《གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད》ཁག་གཉིས་པ(དེབ་ལྔ)པར་སྐྲུན་འགྲེམ་སྤེལ་བྱས།

1.jpg

དཔེ་ཚོགས་འདི་ཡང་ལོ་ངོ30ལྷག་ལ་སྤེལ་བའི《གངས་རྒྱན་ན་ཆུང་ཚགས་པར》རྨང་གཞི་བྱས་ཐོག བོད་ཀྱི་ཆུང་འབྲིང་སློབ་འབྲིང་སློབ་མའི་ལྟ་ཀློག་འབྲི་གསུམ་གྱི་སྤྲོ་བ་སློང་བར་དམིགས་ཏེ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་ཆོས་དང་ཡུལ་སྲོལ། གནས་ཡུལ་དང་ས་བབ། དཔལ་འབྱོར་དང་ཚན་རྩལ་སོགས་གཞི་གཅིག་ཏུ་སྦྱར་ཏེ། ཐུན་མོང་མ་ཡིན་པའི་ཆ་ཀུན་གོ་སླའི་ཚིག་གི་སྦྱོར་བ་ལ་བརྟེན་ནས་ཡིད་སེམས་འདྲེན་ཞིང་། རང་དངོས་སུ་གནས་དེར་ཕྱིན་ནས་མིག་གི་ལོངས་སྤྱོད་དུ་གྱུར་ན་ཅི་མ་རུང་སྙམ་པའི《རྒྱལ་ཁམས་ལྟ་བའི་མེ་ལོང》དང་། 

2.jpg

ཀློག་མཁན་རང་དང་མཉམ་པའི་ན་ཚོད་ཡིན་རུང་རང་དང་མི་མཚུངས་པའི་ཕུགས་བསམ་རླབས་པོ་ཆེ་དེ་མངོན་འགྱུར་བྱ་སླད། སྐྱིད་སྡུག་གང་རུང་གི་འཚོ་བབ་ཏུ་གནས་ཀྱང་སྐྱོ་ངལ་མེད་པའི་བརྩོན་པའི་རྒྱུན་མ་བཏང་མཐར། ཕྱིས་སུ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་པའི་མི་བུ་རླབས་ཆེན་དག་གི་ཆུང་དུས་ཀྱི་ངོ་མཚར་མཛད་རྣམ་གཏམ་རྒྱུད་ཀྱི་བྱུང་རིམ་དུ་སྦྱར་པའི《མི་སྣ་གྲགས་ཅན་གྱི་གཞོན་དུས》 

3.jpg

རྩོམ་ལུས་སྣ་ཚོགས་སུ་མངོན་ཞིང་བརྗོད་བྱ་ཕུན་སུམ་ཚོགས་པ། མདོ་དབུས་ཁམས་གསུམ་གྱི་སློབ་བུ་དག་གིས་སློབ་གྲྭའི་ཕྱི་ནང་གི་འཚོ་བའི་ཁྲོད་མྱངས་པའི་དགའ་སྡུག་སྐྱོ་གསུམ་དང་། མ་འོངས་ཕུགས་འདུན་ཐད་བཟུང་བའི་འདུན་པ་ཅི་རིགས་ཀྱི་དྲན་འཆར། རང་བློས་བཅལ་པའི་བཟང་ངན་དགེ་སྡིག་གི་སྤང་བླང་སོགས་ཅི་ཞིག་བརྗོད་འདོད་ཀྱི་ཆ་ཀུན་རྩོམ་འབྲིའི་ལས་ལ་བརྩོན་བཞིན་པའི་ན་མཉམ་དག་གི་དཔེ་ལྟར་རུང་བའི《ཆུང་འབྲིང་སློབ་མའི་ལེགས་རྩོམ་བདམས་བསྒྲིགས》 

4.jpg

བོད་རང་གི་ཚིག་རྒྱན་སྤྲས་ཐབས་ཀྱི་གསལ་ཁ་དོད་ཅིང་། དེང་རབས་གཞུང་ལུགས་ཀྱི་ཟུར་བརྒྱན་པ། སྔོན་བྱོན་མཁས་པའི་གསུང་དྲི་མ་མེད་པ་གསེར་ཞུན་ལྟ་བུ་དཔེ་དྲངས་ཏེ། ཡི་གེའི་ལམ་ནས་བོད་སྐད་རྣལ་མའི་རྒྱུན་དང་དཔེ་འཇལ་སྟངས་ནི་འདི་ལྟ་བུ་ཡིན་ཞེས། རྩོམ་འབྲིའི་ལས་ལ་བརྩོན་པས་འཇུག་པ་རྣམས་ལ་མེ་ལོང་གཟུགས་འཆར་བཞིན་སྟོན་པའི《རྩོམ་དཔེ་བྱིས་པ་འཇུག་པའི་བདེ་ལམ》 

5.jpg

བྱིས་བློའི་ཉེ་སར་བཏུད་ཅིང་བྱིས་པའི་རྟོག་པ་བསྐྱེད་པ། རྒྱལ་ཁམས་མང་བོ་དང་མི་རིགས་སྣ་ཚོགས་ཀྱི་བུ་ཆུང་སངས་རྒྱས་རྣམས་ཀྱི་ངོ་མཚར་བའི་དྲན་འཆར་མངོན་ཞིང་། ཀློག་མཁན་གང་རུང་ལ་དྲོད་ཁོལ་དང་འོད་སྣང་སྩོལ་བ། བསམ་གཞིག་དང་འདུན་པ་སློང་ནུས་པ་གང་དེ། བོད་སྐད་གཙང་མའི་ལམ་དང་ཀློག་འགྲེལ་ལྷག་བསམ་ཅན་གྱིས་བློ་སྣ་ཁྲིད་འོག བོད་པའི་བུ་ཆུང་རྣམས་ལ་འཇིག་རྟེན་གཙང་མ་སྟོབ་པའི《བྱིས་སྒྲུང་ནང་གི་འཇིག་རྟེན》བཅས་སོ།།

6.jpg

དཔེ་ཚོགས་འདིར་བརྟེན་བོད་ཀྱི་ཆུང་འབྲིང་སློབ་མ་རྣམས་ཀྱི་དཔེ་ཀློག་གི་སྤྲོ་བ་སྐྱེད་སྲིང་དང་། རྩོམ་འབྲིའི་ནུས་པ་བསྐྱེད་པ། གཞན་དཔེ་རང་སྦྱོར་དུ་བསྙེག་བྱའི་གཞི་འཚོལ་བ། མི་གཞི་ལེགས་པོར་སྐྱོང་བ། ཅིའི་ཕྱིར་བརྩོན་པའི་རྒྱུན་བསྐྱང་དགོས་པ་སོགས་ཀྱི་ཐད་རང་བློར་འཚམ་པའི་ལན་རྙེད་པའི་དགེ་མཚན་ལྡན་པ་ལས་གཞན། དགོས་ངེས་ཀྱི་ཤེས་བྱ་རྒྱུད་ལ་སྦྱོར་བ་ལ་ཡང་རྟེན་འབྲེལ་གྱི་གཞི་རུ་སྨིན་པར་ངེས་སོ་ཞེས་ཞུ་བའོ།། 

                                    《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒྲིག་ཁང་།

                                                              2020ལོའི་ཟླ12པའི་ཚེས7ཉིན

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།