དགོན་ལུང་བྱམས་པ་གླིང་དུ་ལྗོངས་རྒྱུར་བསྐྱོད་པ།

1500868044511494.jpg

གཅིག

དགོན་ལུང་དགོན་པ་ནི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཡིན་ལ།  ཡུལ་མདོ་སྨད་ཀྱི་བྱང་གི་དགོན་ཆེན་བཞིའི་གྲས་ཀྱི་གཅིག་ཀྱང་ཡིན།  ལོ་བཅུའི་སྔོན་དུ་དགོན་པ་འདིར་ཐེངས་གཅིག་མཇལ་ཡང་དེ་དུས་དགོན་པ་འདི་དང་ཡུལ་དེ་གའི་རིག་གནས་ཁོར་ཡུག་ལ་རྒྱུས་ལོན་དང་དོ་སྣང་ཆེར་མ་བྱས་མོད།  རྗེས་སུ་དགོན་པ་འདི་ཙོང་ཆུའི་བྱང་རྒྱུད་ཀྱི་མ་དགོན་དུ་འབོད་ལ་མཚན་སྙན་གྱི་གྲགས་པ་ཆེ་ཞིང་ལོ་རྒྱུས་ཀྱི་རྒྱུན་རིང་བའི་དགོན་སྡེ་ཆེན་པོ་ཞིག་ཏུ་ཤེས་རྟོགས་བྱུང་བ་ནས།  བདག་བསྐྱར་དུ་དགོན་པ་འདིར་མཇལ་འདོད་ནི་རྟ་རྒོད་བང་ལ་རྩེན་འདོད་དང་འདྲ་ལ།  ནམ་ཞིག་མཇལ་འདོད་ཀྱི་རེ་བས་ཁེངས་ནས་བསྡད།

དེ་རིང་བདག་སྐུ་འབུམ་ལྔ་རིག་སྐྱེད་ཚལ་གླིང་གི་དགེ་སློབ་ཡོངས་དང་མཉམ་དུ་མདོ་སྨད་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དགོན་ལུང་བྱམས་པ་གླིང་དུ་ཡང་བསྐྱར་ལྗོངས་རྒྱུ་ལ་བསྐྱོད་པའི་སྐལ་བ་ལྡན་པས་དགའ་སྤྲོ་མི་སྐྱེས་པ་ག་ལ་སྲིད།  ཞོགས་པའི་སྐྱ་རེངས་དང་འགྲོགས་ནས་རྗེ་བླ་མའི་གདན་ས་སྐུ་འབུམ་བྱམས་པ་གླིང་ནས་ངེད་ཅག་དགེ་སློབ་ཉིས་བརྒྱ་སུམ་ཅུ་ལྷག་སྤྲོ་སྣང་དང་བཅས་རེས་འཁོར་ཆེན་པོ་བཞི་ལ་བསྡད་ནས་ལམ་ལ་ཆས།  གནའ་མཁར་ཟི་ལིང་བརྒྱུད་ནས་སྔོན་གྱི་ཙོང་ཁ་རྒྱལ་བོ་ཁྲི་ལྡེ་ཡི་ཐོག་མའི་རྒྱལ་ས་བྱས་མྱོང་བའི་བདེ་ཁམས་རྫོང་བརྒྱུད་ནས་སོང་།  ཞོགས་པའི་ཉི་འོད་འཇམ་ཞིང་ནམ་མཁའ་སྔོ་ཞིང་དྭངས།  ཙོང་ཁའི་ཡུལ་གྱི་རི་ལུང་ཐང་གསུམ་ཀུན་ལ་དབྱར་གྱི་དཔལ་ཡོན་བཞད་པས་ཧ་ཅང་སྐྱིད།  དུས་ཚོད་གཅིག་དང་ཕྱེད་ཀ་ལྷག་ལ་བསྐྱོད་མཐར་ང་ཚོ་བདེ་ལེགས་དང་དགོན་ལུང་བྱམས་པ་གླིང་དུ་འབྱོར།

དགོན་ལུང་དགོན་པ་ནི་ལུང་བ་ཅུང་དོག་པོ་ཕུག་རིང་བ་ཞིག་ཏུ་ཆགས་འདུག་ལ་ཁོར་ཡུག་ཀུན་ནགས་ཚལ་གྱིས་བརྒྱན་པས་ཧ་ཅང་སྐྱིད།   དགོན་པའི་ལྷ་ཁང་དག་གསར་བཞེངས་ཀྱི་བཀོད་པ་ཧ་ཅང་མཛེས་ལ།  འདུ་ཁང་དང་ལྷ་ཁང་ཡོད་དོ་ཅོག་གི་རྒྱ་ཕིབས་སོགས་སེར་བོ་ཟངས་ཀྱིས་གཡོགས་པས་གསེར་འོད་ལམ་ལམ་དུ་འཕྲོ།  དགོན་པའི་མདུན་རྒྱབ་གཉིས་ཀ་རང་བྱུང་གི་བྲག་རི་དང་སྤང་རི།  རྩ་དང་རྩི་ཤིང་།  ནགས་ཚལ་སོགས་ཀྱིས་ཀུན་ནས་བརྒྱན་ཅིང་བྱ་བྱེའུས་སྐད་སྙན་བར་མེད་དུ་སྒྲོག   མེ་ཏོག་སྣ་ཚོགས་ཀྱི་དྲི་ངད་ཕྱོགས་སུ་ལྡང་བས་རང་བྱུང་ལྷུན་ཆགས་ཀྱི་དབེན་པའི་གནས་ཀྱི་ཁྱད་ཆོས་ཡོངས་སུ་ཚང་།

1500868044902549.jpg

ངེད་ཅག་དགེ་སློབ་རྣམས་དགོན་པའི་ནང་གི་འདུ་ཁང་ཆེན་མོ་དང་རྒྱུད་པ།  མཁའ་སྤྱོད་རྩེ་སོགས་ལ་རེ་རེ་བཞིན་མཇལ།  མཁའ་སྤྱོད་རྩེའི་སྒྲུབ་ཁང་ནི་དགོན་པའི་རྒྱབ་རིའི་ངོས་ན་འདུག  མཁའ་སྤྱོད་རྩེ་ནས་ཕར་དགོན་པའི་གླིང་ཡོངས་དང་ཡུལ་འདིའི་ལུང་ཁོག་ཧྲིལ་བོའི་ཕུ་མདའ་བར་གསུམ་གསལ་ལེར་མཐོང་ཐུབ་པས་ཡུན་ཙམ་རིང་དེ་རུ་བསྡད་ནས་གནས་ཀྱི་ཡུལ་ལྗོངས་ལ་བལྟས།  དེ་དང་མཉམ་དུ་དུས་རབས་མི་འདྲ་བའི་ནང་དམག་འཁྲུག་དང་ཆབ་སྲིད་ཀྱི་དུས་འགྱུར་གྱི་དབང་གིས་དགོན་སྡེ་འདི་ལ་ཆགས་འཇིག་ཆེན་པོ་གསུམ་བྱུང་སྟེ་རྩ་བ་ནས་མེད་བརླག་ཐེངས་གསུམ་ལྷག་བྱུང་ཡང་།  དམ་པ་མང་པོའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཡང་དང་བསྐྱར་དུ་དགོན་པ་སླར་གསོ་བྱས་ཏེ་མ་ཉམས་པར་གནས་པ་ལ་དགའ་སྤྲོ་དང་།  དགོན་སྡེ་ཆེན་པོ་འདིའི་སྔོན་གྱི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་ཡིན།

གཉིས།

༼མདོ་སྨད་ཆོས་འབྱུང་༽སོགས་ལོ་རྒྱུས་ཀྱི་ཡིག་ཚང་དང་ཆོས་འབྱུར་ལྟར་ན།  དགོན་ལུང་བྱམས་པ་གླིང་ནི་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ཕྱི་ལོ1583 ལོར་སོག་ཡུལ་དུ་ཕེབས་སྐབས་བྲག་རྒྱ་ཞེས་པའི་སར་བཞུགས།  ས་འདིར་ཕེབས་སྐབས་གཟིགས་སྣང་ཁྱད་པར་ཅན་བྱུང་།  ད་ལྟའི་དགོན་པ་གནས་གཞིའི་ཐད་དུ་འཇའ་ཟུག་པ་སོགས་མཚན་བལྟས་ངོ་མཚར་ཅན་བྱུང་བས།  འདིར་མ་འོངས་པ་ན་ཚད་མའི་སྐྱེས་བུ་ཞིག་གིས་བཀའ་གདམས་ཀྱི་བསྟན་པ་རྒྱས་པར་བྱེད་ཅེས་ལུང་བསྟན།  ཕྱིས་རྒྱལ་བ་ཡོན་ཏན་རྒྱ་མཚོ་སོག་ཡུལ་ནས་སྐུ་འཁྲུངས་ཏེ་ཕྱི་ལོ1603ལོར་དབུས་སུ་ཕེབས་སྐབས་ཡུལ་འདི་བརྒྱུད་ནས་ཕེབས།  དེའི་སྐབས་ས་གནས་འདིའི་དད་ལྡན་སེར་སྐྱ་མང་པོས་ཡུལ་འདིར་དགོན་སྡེ་ཞིག་འདེབས་དགོས་ཚུལ་ཞུས་དུས།  རྒྱལ་དབང་མཆོག་ནས་དགོན་པ་གསར་དུ་འདེབས་པའི་ཐུགས་དགོངས་གཏད་ཀྱང་རྒྱུ་རྐྱེན་དུ་མའི་དབང་གིས་རེ་ཞིག་མ་གྲུབ།  དེའི་ཕྱི་ལོ་ཡུལ་འདིའི་ཧོར་རིགས་ཕྱོགས་ཁ་བཅུ་གསུམ་གྱི་པྲ་ཏི་སྒར་བ་ནང་སོ་ཤེས་རབ་གྲགས་དང་གླང་ཀྱ་དཀའ་བཅུ་བསོད་ནམས་རྒྱལ་མཚན་གཉིས་ཀྱིས་གྲོས་མགོ་བཏོན་སྟེ།  ཨ་ཀྱ་སྒར་བ་དང་ཧོའུ་འབུལ་དཔོན།  དཔའ་རིན་སྒར་བ།  ཙོག་ཚ་སྒར་བ།  མདའ་ར་འབུལ་དཔོན།  སེ་ཚ་འབུལ་དཔོན་བཅས་ཐམས་ཅད་གྲོས་མཛད་མཐར།  པྲ་ཏི་དང་གླང་ཀྱ།  ཧོའུ།  མདའ་ར་འབུལ་དཔོན་བཅས་ཧོར་ཕྱོགས་ཁ་བཅུ་གསུམ་གྱི་ཚབ་བྱས་ནས་བོད་དབུས་སུ་སོང་སྟེ།  ལྷ་ལྡན་ཆོས་ཀྱི་ཞིང་ཆེན་པོའི་འབྲས་སྤུངས་ཀུན་དགའ་རྭ་བར་རྒྱལ་དབང་སྐུ་ཕྲེང་བཞི་བ་ཡོན་ཏན་རྒྱ་མཚོ་ལ་མཇལ་ཏེ།  མདོ་སྨད་དུ་གདན་འདྲེན་དང་དགོན་པ་གསར་འདེབས་ཀྱི་སྙན་གསན་འབུལ་དུས།  རྒྱལ་དབང་མཆོག་ནས་སྔོན་བསྟན་པ་ཕྱི་དར་གྱི་འགོ་རུ་ལྷ་བླ་མ་ཁུ་དབོན་གྱི་རྣམ་ཐར་བཞིན་རྒྱལ་བའི་བསྟན་པ་རིན་པོ་ཆེ་སེམས་ལ་བཞག་ནས་ཡུལ་ཐག་རིང་བ་ཁྱད་དུ་བསད་དེ་འོང་བ་རྗེས་སུ་ཡི་རང་ཞེས་གསུངས།  རྒྱལ་དབང་མཆོག་འབྱོན་བཞེད་ཆེ་ཡང་སྐབས་དེར་བོད་དབུས་སུ་སྡེ་སྲིད་གཙང་བ་དང་ཀརྨ་མཆོད་ཡོན་གྱིས་དགེ་ལུགས་པར་སྡང་བ་དང་འགྲན་པའི་དུས་ལ་ཁེལ་བས་ཕེབས་པའི་སྐལ་བ་མ་ལྡན།

1500868044988438.jpg

དེ་ནས་རྒྱལ་དབང་མཆོག་དང་པཎ་ཆེན་བློ་བཟང་ཆོས་རྒྱན་གཉིས་གཙོས་རྒྱལ་སྲས་རིན་པོ་ཆེ་དང་སེམས་དཔའ་རིན་པོ་ཆེ།  ཧོར་གྱི་བླ་དཔོན་མི་སྣ་དང་བཅས་ཐམས་ཅད་གདན་འཛོམས་སར།  རྒྱལ་དབང་མཆོག་གིས་དགོན་པ་འདེབས་ཡུལ་མདོ་སྨད་དང་མཁར་སྔོན་པོ་གཉིས་ལས་གང་བཟང་བ་དང་།  རྒྱལ་སྲས་རིན་པོ་ཆེ་དང་སེམས་དཔའ་རིན་པོ་ཆེ་གཉིས་ལས་སུ་ཞིག་རང་ཉིད་ཀྱི་སྐུ་ཚབ་ཏུ་མངགས་ན་བཟང་བའི་བརྟག་བསྒྲིལ་མཛད་པར།  དགོན་པ་འདེབས་ཡུལ་མདོ་སྨད་ཕྱོགས་དང་བླ་མ་རྒྱལ་སྲས་རིན་པོ་ཆེ་ལ་བབ།   དེ་ནས་རྒྱལ་སྲས་སྐུ་ཕྲེང་བདུན་པ་དོན་ཡོད་ཆོས་ཀྱི་རྒྱ་མཚོ་རྒྱལ་བ་ཡོན་ཏན་རྒྱ་མཚོས་བཀས་མངགས་ཏེ།  ཕྱི་ལོ1604ལོར་རྒྱལ་སྲས་རིན་པོ་ཆེ་མཆོག་གིས་སྔར་ལྷ་མོ་བླ་མཚོར་གཟིགས་སྣང་བྱུང་བ་དང་བསྟུན་ད་ལྟའི་གནས་འདིར་དགོན་པ་ཕྱག་འདེབས་མཛད་དེ།   དགོན་པའི་མཚན་ལ་"དགོན་ལུང་བྱམས་པ་གླིང་"ཞེས་མཚན་གསོལ།  བཤད་སྒྲུབ་ཀྱི་བྱ་བ་འཆད་ཉན་ལ་རག་ལས་དགོངས་ཏེ་མཚན་ཉིད་གྲྭ་ཚང་བཙུགས།  ཕྱིས་སུ་ལྕང་སྐྱ་རིན་པོ་ཆེ་དང་། ཐུའུ་བཀྭན་རིན་པོ་ཆེ། ཀུན་མཁྱེན་འཇམ་དབྱངས་བཞད་པ་བཅས་ཀྱིས་རྒྱུད་པ་གྲྭ་ཚང་བཙུགས།  དགོན་ལུང་ས་ཆའི་ཧོར་དང་བོད།  སོག་པོ་བཅས་ཀྱི་དགེ་འདུན་གྱི་སྡེ་འདུས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་དར་བའི་འགོ་ཚུགས།

མན་ཇིའི་གོང་མ་ཁང་ཞིའི་དུས་སྐབས་སུ་ཆོས་སྡེ་འདི་ཉིད་ཤིན་ཏུ་དར་རྒྱས་ཆེན་པོ་བྱུང་སྟེ་འདུ་ཁང་ཆེ་ཆུང་དང་། ནང་ཆེན་བླ་བྲང་གྲྭ་ཤག་སོགས་ཉིས་སྟོང་ལྷག་དང་།  དགེ་འདུན་གྱི་སྡེ་བདུན་སྟོང་བདུན་བརྒྱ་ལྷག་བྱུང་བར་མ་ཟད། བསྡུས་གྲྭ་ཆེ་ཆུང་། བློ་རྟགས་གཉིས།  དོན་བདུན་ཅུ། གཞུང་གསར།  སེམས་བསྐྱེད།  ཆོས་འཁོར།  སྐབས་བཞི་བ། དབུ་མ།  མཛོད།  རྣམ་འགྲེལ།  འདུལ་བ་སྟེ་འཛིན་གྲྭ་བཅུ་གསུམ་གྱིས་སྒོ་མང་ཡིག་ཆ་རྙིང་བའི་དབུ་ཕར་གཉིས་དང་།  དཀྱིལ་ཁང་བའི་འདུལ་བ།  ལྔ་བ་ཆེན་མོའི་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟའི་སྟེང་ནས་མཛོད།  ལྕང་སྐྱ་རོལ་བའི་རྡོ་རྗེའི་གསུང་གི་རྣམ་འགྲེལ་བཅས་བཀའ་པོད་ལྔའི་འཆད་ཉན་དར་ཞིང་རྒྱས།  སྒྲུབ་མཆོད་དང་དུས་བཞིའི་གཏོར་རྒྱག  ལྷུང་བཟེད་མཆོད་པ།    རྒྱུད་མཆོད་སོགས་མང་དུ་བཙུགས་པས།  ས་གནས་དེ་གའི་ཧོར་རིགས་དང་། བོད་རིགས། རྒྱ་རིགས། སོག་རིགས་སོགས་ཀྱི་མཆོད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཏེ་མཇལ་སྐོར་དུ་ཡོང་མཁན་ཆུ་བོའི་རྒྱུན་བཞིན་འཛད་མེད་དུ་གྱུར།   དེ་རྗེས་ཕྱི་ལོ1723 ལོར་སོག་རིགས་ཀྱི་འགོ་དཔོན་ཆིན་ཝང་བློ་བཟང་བསྟན་འཛིན་གྱིས་མཚོ་སྔོན་དུས་འཁྲུགས་སློང་སྐབས་དགོན་ལུང་དགོན་པའི་གྲྭ་བ་མང་པོ་ཡང་ཆིང་སྲིད་གཞུང་ལ་ངོ་རྒོལ་ནང་ཞུགས།   དེ་སྐབས་ཆིང་སྲིད་གཞུང་གིས་ཁྲོན་སཱན་སྤྱི་ཁྱབ་པ་ཉན་ཀུན་ཡའོ་དང་ཟི་ཁྲོན་གྱི་ཐས་པུའུ་ཡོ་ཀྲུང་ཆིས་བཏང་ནས་དུས་འཁྲུགས་ཞོད་འཇགས་སུ་གཏོང་དུས།  དགོན་ལུང་དགོན་དུ་ཡང་དམག་ཆེན་དྲངས་ཏེ་དགོན་པ་རྩ་མེད་དུ་བཏང་།   སྐབས་དེའི་སྐོར་ཆིང་རྒྱབ་རབས་ཀྱི་ལོ་རྒྱུས་ཉན་ཀུན་ཡའོ་ཡི་རྟོགས་བརྗོད《清史稿﹒年羹尧传》ནང་རྐུན་ཇག་ཆིང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གྲྭ་པ་དྲུག་སྟོང་ལྷག་བསད། དགོན་པ་གཏོར་ནས་ཐལ་རྡུལ་དུ་བཏང་ཞེས་བཀོད་ཡོད་ལ།  སེམས་ཉིད་སྤྲུལ་སྐུའི་རྣམ་ཐར་དང་ལྕང་སྐྱ་རིན་པོ་ཆེའི་རྣམ་ཐར་སོགས་སུ་ཡང་དགོན་པ་གཏོར་ནས་དགེ་འདུན་གྱི་སྡེ་མེད་པར་བྱས་ཚུལ་གསུངས་ཡོད།

1500868044142379.jpg

དེ་ནས་བཟུང་དགོན་པ་འདི་ཉིད་ཐལ་རྡུལ་གྱི་རྗེས་ཤུལ་ཙམ་དུ་གྱུར་ལ།  སྲོག་ཉེན་ལས་ཐར་བའི་དགེ་འདུན་པ་ཉུང་ཤས་ཡོད་པ་དེ་དག་ཙོང་ཆུའི་འགྲམ་ངོགས་གྱི་བྲག་ཕུག་དང་ནགས་ཚལ་སོགས་སུ་ཡིབ་ནས་ཕྱིར་འགྲོ་དུས་ཆོས་གོས་ཐོག་ཏུ་སྟོད་གོས་དཀར་པོ་གྱོན་ནས་འགྲོ་དགོས་པ་བྱུང་ཚུལ་༼མདོ་སྨད་ཆོས་འབྱུང་༽དུ་གསུངས། 

དེ་ནས་ལོ་བཅུ་ལྷག་སོང་རྗེས།  མན་ཇིའི་སྲིད་གཞུང་གི་རྒྱལ་ས་པེ་ཅིང་དུ་བཞུགས་ཡོད་པའི་གོང་མའི་དབུ་བླ་ལྕང་སྐྱ་དང་ཐུའུ་བཀྭན་རྣམ་གཉིས་ནས་གོང་མ་ཡུང་ཀྲེང་ལ་དགོན་ལུང་དགོན་པ་སོགས་དུས་འཁྲུགས་ནང་རྩ་མེད་དུ་བཏང་བའི་དགོན་སྡེ་ཁག་སླར་གསོ་ཆོག་པའི་རེ་བ་ཐེངས་མང་བཏོན་པར་བརྟེན་ཕྱི་ལོ་1732 ལོར་གོང་མས་ཆོག་མཆན་ཐོབ།  དེ་ནས་ཆིང་སྲིད་གཞུང་ནས་འགྲོ་གྲོན་བཏང་སྟེ་དགོན་གནས་འདི་ཉིད་ཉམས་གསོ་ཞུས།   དེའི་སྐོར(敕赐广惠寺碑文)ཞེས་པའི་རྡོ་རིང་ཡི་གེའི་ནང་། གྲྭ་པ་ཉིས་བརྒྱ་རྒྱུན་བཞུགས་ཀྱིས་ནང་བསྟན་སྤེལ་བ་དང་། མི་སྐྱ་རྣམས་ལ་འགྲོ་འདུག་གི་ཁང་པ་ཡོད་པ། སྔོན་ཆད་ཀྱི་དགོན་མིང་རྣ་བར་མི་སྙན། དགོན་མིང་གསར་དུ་བཏགས་པ་ལ་དབྱིག་གཉེན་དགོན(佑宁寺)ཟེར་ཞེས་བཀོད་ཡོད།  དེ་ནས་བཟུང་དགོན་པ་འདིའི་མིང་གོང་མས་"དབྱིག་གཉེན་དགོན་པ་"ཞེས་མཚན་གསོལ་ནས་ད་ལྟའི་བར་རྒྱའི་སྐད་དུ་དབྱིག་གཉེན་དགོན་ཞེས་འབོད།  བོད་སྐད་དུ་སྔར་བཞིན་དགོན་ལུང་དགོན་པ་ཞེས་མཚན་མ་འགྱུར་བར་གནས་སོ།།

དེ་རྗེས་ཕྱི་ལོ1866ལོའི་ཟླ་བཅུ་གཅིག་པའི་ནང་ནུབ་བྱང་ས་ཁུལ་གྱི་ཧེའུ་རིགས་དང་ཟ་ལར་གཉིས་དཔུང་བསྡེབས་ཀྱིས་འཁྲུག་པ་བསླངས་ཏེ་ཙོང་ཁའི་ཡུལ་གྱི་དགོན་སྡེ་མང་པོར་གནོད་སྐྱོན་ཕོག་སྐབས།  དགོན་པ་འདིར་ལ་ཡང་ཆག་སྒོ་བྱུང་སྟེ་འདུ་ཁང་དང་ལྷ་ཁང་།  མཆོད་རྟེན་བཅས་མེར་བསྲེགས་པ་དང་དགེ་འདུན་པ་མང་དུ་བཀྲོངས་པ་སོགས་ཀྱིས་དགོན་ལུང་དགོན་པ་ཡང་སྐྱར་ཐལ་རྡུལ་གྱི་རྗེས་ཤུལ་ཙམ་དུ་གྱུར་ཞེས་དགོན་ལུང་དགོན་པའི་གདན་རབས་ནང་དུ་གསལ་ཞིང་།  དུས་ཟིང་ཞོད་འཇགས་བྱུང་ནས་ཡུན་རིང་མ་སོང་བར་ཆིང་སྲིད་གཞུང་ནས་ཐུའུ་བཀྭན་སྐུ་ཕྲེང་དྲུག་པ་བློ་བཟང་དབང་ཕྱུག་རྒྱ་མཚོར་དགོན་ལུང་དགོན་པ་གསར་བཞེངས་ཀྱི་ཐུགས་འགན་བཞེས་དགོས་པའི་བཀའ་གནང་སྟེ།   སྔ་ཕྱིར་ལོ་ངོ་བཅོ་ལྔའི་ནང་སྐྱར་གསོ་བྱས་ཏེ་ལེགས་འགྲུབ་བྱུང་ཡང་སྔོན་ལྟར་དར་རྒྱས་སུ་འགྲོ་མ་ཐུབ།  དུས་ཕྱིས་རིག་གནས་གསར་བརྗེ་ཟེར་བའི་ནང་དགོན་སྡེ་འདི་ལ་ཡང་དེ་བས་ཉམས་ཆག་བྱུང་བ་བོད་ཀྱི་དགོན་སྡེ་གཞན་དག་དང་འདྲ་ལ།  ཆོས་སྒོ་ཕྱེས་རྗེས་ཡང་བསྐྱར་སླར་གསོ་བྱས་པའོ།།

གསུམ།

ད་ལྟ་དགོན་པ་འདིར་སྔོན་ཆད་དང་འདྲ་བའི་དགེ་འདུན་གྱི་སྡེ་དང་འཆད་ཉན་ཆེར་དར་མེད་ཀྱང་།  ཡུལ་འདི་གའི་ཧོར་རིགས་གཙོས་བོད་དང་རྒྱ་རིགས་སོགས་ཀྱི་དགེ་འདུན་པ་ཉིས་བརྒྱ་ལྷག་མཚན་ཉིད་གྲྭ་ཚང་དུ་བཞུགས།  བསྟན་པའི་གཞི་མ་གཞི་གསུམ་ལག་ལེན་ངོས་གཙང་སྔར་བཞིན་བཙུགས་ཡོད་ལ།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་དང་སྐུ་འབུམ་དགོན་པའི་དགེ་བའི་བཤེས་གཉེན་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་སོགས་བཤེས་གཉེན་དུ་མ་ཞུས་ཏེ་མདོ་སྔགས་ཀྱི་གསུང་ཆོས་དབང་ལུང་མང་དུ་གནང་།  དགོན་བདག་ཐུའུ་བཀྭན་རིན་པོའི་ཐུགས་བཀོད་འོག་"མདོ་སྔགས་རིག་གནས་གླིང་"ཞེས་པའི་དགོན་པར་ནང་བསྟན་སློབ་གྲྭ་བཙུགས་ཏེ།  སྐུ་འབུམ་དགེ་བཤེས་སྐལ་བཟང་ཤེས་རབ་དང་རྒྱ་གར་ལྷ་རམས་པ་མཐའ་ཡས། དཀོན་མཆོག་སོགས་ཀྱིས་དགེ་རྒན་གྱི་འགན་བཞེས་ཏེ་དགེ་འདུན་པ་ཆུང་ཆུང་དྲུག་ཅུ་ལྷག་གིས་ཐུན་མོང་གི་རིག་གནས་དང་མདོ་སྔགས་ཀྱིས་བསྡུས་པའི་གཞུང་མང་པོར་སློབ་གཉེར་གནང་བཞིན་པ་དང་། དགོན་པའི་རྒྱུད་པ་གྲྭ་ཚང་དུ་དགེ་འདུན་པ་སུམ་ཅུ་ལྷག་དང་བདེ་གསང་འཇིགས་གསུམ་གྱི་རྡུལ་ཚོན་དཀྱིལ་འཁོར་དང་བཅས་མ་ཉམས་པར་ཡོད་ཟེར།

ཆོས་སྡེ་འདིའི་རྟེན་གྱི་གཙོ་བོ་ལ་རྒྱལ་བ་བྱམས་པའི་སྐུ་རང་རྒྱལ་ཕག་འཛུམ་མ།  རྗེ་སྐུ་ང་འདྲ་མ།  དཔལ་ལྡན་དམག་ཟོར་རྒྱལ་མོའི་སྐུ་ཐང་། ཐུབ་པ་མེ་ཐུབ་མ་བཅས་སྐུ་རྟེན་མང་པོ་དང་། བཀའ་འགྱུར་འཛམ་གླིང་གཡས་བཞག་ཅེས་པ་གསེར་ཞུ་མ། རྒྱལ་བ་དགེ་འདུན་གྲུབ་པའི་ཕྱག་བྲིས་མར་གྲགས་པའི་འགྲོ་བ་སྒྲོལ་མ་གསར་བ་བཅས་གསུང་རྟེན་དང་། ཐུའུ་བཀྭན་ངག་དབང་མཆོག་ལྡན་གྱི་དངུལ་གདུང་མཆོད་རྟེན་གཙོས་ཐུགས་རྟེན་བཅས་བསམ་གྱིས་མི་ཁྱབ་པའི་རྟེན་གསུམ་མང་པོ་བཞུགས་པར་བཤད་ཀྱང་ཧེའུ་འཁྲུག་སྐབས་མང་པོ་ཞིག་མེར་སྲེག་པའི་གཏམ་རྒྱུད་འདུག  དགོན་པའི་གནས་ལ། ཤར་གྱི་བྲག་ཅིག་ལ་ཕྱག་ན་རྡོ་རྗེ་རང་བྱོན་དང་།  གཞན་ཡང་སྒྲོལ་མ་ལྷ་མོ་སོགས་རང་བྱོན་དང་སྒྲུབ་ཆུ་མང་པོ་དང་།  རྒྱལ་སྲས་བློ་བཟང་བསྟན་འཛིན་སོགས་ཀྱི་ཞབས་རྗེས་རྡོ་ལ་བཀོད་པ་མང་བོར་མཇལ་རྒྱུ་ཡོད་པར་བཤད་མོད།  གནས་མཇལ་སྐབས་དུས་ཡུན་ཐུང་བའི་དབང་གིས་ཡོད་ཚད་ལ་གནས་མཇལ་བྱེད་མ་ཐུབ་པས་ཕངས་སེམས་ཆེ།  སྔོན་གྱི་དུས་ཆོས་སྡེ་འདི་ནས་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་མང་དུ་བྱོན་ཏེ་བོད་ཀྱི་རིག་གནས་གོང་སྤེལ་ཐད་ལ་མཛད་རྗེས་ཧ་ཅང་ཆེ།  མཁས་དབང་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སྐུ་ཕྲེང་རིམ་བྱོན་སོགས་ཀྱི་བཀའ་དྲིན་ལས། མཆོད་གཞིས་ལ་མཚོ་སྔོན་དུས་འཁྲུགས་སྔོན་དུ་ཇུང་གར་རྒྱལ་བོ་བཱ་ཐུར་ཧོང་ཐའི་ཇིས་སྦྱིན་བདག་གཙོ་བོ་དང་། ཕྱིས་སུ་འབྲོག་སྡེ་ཚོ་བརྒྱད།  གྲོང་བ་ལུང་དྲུག  ཡུ་གུར་ཚོ་བདུན།  མདུང་ནག་ཁ་གསུམ་སོགས་རྒྱ་ཆེ་བར་བཤད།  དེང་ཡུལ་འདིའི་ཧོར་རིགས་ཀྱི་མི་སྡེ་དག་གཙོ་བོར་བྱེད།

1500868044808286.jpg

ངེད་ཅག་དགེ་སློབ་རྣམས་དགོན་པའི་ནང་མཇལ་སྟེ་འདུ་ཁང་ཆེན་མོའི་སྒོ་མདུན་ནས་མཉམ་དུ་སྨོན་ལམ་གསུངས་རྗེས།  ལུང་བའི་ཕུག་ན་ཡོད་པའི་རྒྱལ་སྲས་རི་ཁྲོད་བྱང་ཆུང་གླིང་ལ་མཇལ་དུ་སོང་།  རྒྱལ་སྲས་རི་ཁྲོད་ན་སྨན་པ་གྲྭ་ཚང་དང་དགེ་འདུན་པ་བདུན་ཙམ་བཞུགས།  རི་ཁྲོད་འདི་ཡང་སྔོན་རྒྱལ་སྲས་རིན་པོ་ཆེ་སྐུ་ཕྲེང་བདུན་པ་དོན་ཡོད་ཆོས་ཀྱི་རྒྱ་མཚོ་དང་སུམ་པ་དཔོན་སློབ་པ་དམ་ཆོས་རྒྱ་མཚོ་རྣམ་གཉིས་ཀྱིས་ཕྱི་ལོ1604ལོར་བཏབ།  ཕྱིས་དགོན་ལུང་དགོན་པའི་སྨན་པ་གྲྭ་ཚང་དུ་གྱུར།  རི་ཁྲོད་ཀྱི་ཆགས་དབྱིབས་བྱ་ཁྱུང་ཆེན་ཞིག་དང་འདྲ་ལ་སྨན་པ་འདུ་ཁང་དེའི་ཀླད་པའི་སྟེང་བཞེངས།  གནས་འདིར་ཐུགས་རྗེ་ཆེན་པོ་གཙོས་རྟེན་མཐའ་ཡས་པ་དང་།  ཕུག་གི་གནམ་སྒོའི་ནང་གི་སྒྲུབ་ཕུག་ཏུ་གྲུབ་ཆེན་ཤན་ཏི་བ་དང་ལྭ་བ་བ་སོགས་སྒོམ་སྒྲུབ་ལ་བཞུགས་མྱོང་ལ།  གཞན་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་ཐུའུ་བཀྭན་ཆོས་ཀྱི་ཉི་མ།  འདན་མ་གྲུབ་ཆེན་སོགས་ཀྱང་བཞུགས་མྱོང་བར་མ་ཟད།  དགོན་པའི་མཐའ་སྐོར་དུ་ཐུགས་རྗེ་ཆེན་པོའི་རི་དང་ཕྱག་རྡོར།  སྟོན་པ་རི་དང།  གནས་བརྟན་བཅུ་དྲུག་གི་རི་སོགས་མང་པོས་བསྐོར་བར་བཤད།  

གཞན་རྒྱལ་སྲས་བློ་བཟང་བསྟན་འཛིན་གྱི་གནས་བསྟོད་ལས།  "སྦས་ཡུལ་མདའ་རུ་བླ་ཆེན་དགོངས་པ་གསལ།།ཤར་དུ་རྒྱལ་བ་འོད་དཔག་མེད་མགོན་བཞུགས།།སྟོད་དུ་བ་འོད་འཇིག་རྟེན་མགོན་པོ་དང་།།བསྟན་པའི་གསལ་བྱེད་སྒྲུབ་སྡེ་བྱམས་གླིང་སོགས།།མཐོང་ཐོས་དྲན་རེག་མཆོད་པ་སུས་བྱས་ཀྱང་།།ཐར་བའི་ས་བོན་འཇོག་པར་་་་་་"ཞེས་གསུངས་པ་ལྟར། མདོ་སྨད་ཙོང་ཁའི་བྱང་རྒྱུད་ཀྱི་དགོན་ལུང་ཡུལ་དུ་པྲ་སྟི་སྒྲོལ་མ་གསུང་འབྱོན།  བ་འོད་འཇིག་རྟེན་མགོན་པོ།  ཐུའུ་བཀྭན་ཐུགས་རྗེ་ཆེན་པོ། ཤ་བར་འོད་དཔག་མེད་སོགས་རྟེན་ཁྱད་དུ་འཕགས་པ་མང་དུ་བཞུགས་པ་དང་།  སྔོན་གྱི་དུས་པྲ་ཏི་ནང་སོ་དང་གླང་ཀྱ་ནང་སོ།  ཤ་བར་ནང་སོ་སོགས་ནང་སོ་ཡང་མང་པོ་ཡོད་པར་བཤད་ཀྱང་རེ་རེ་བཞིན་རྩད་གཅོད་དང་བཅས་དེང་མཇལ་བའི་སྐལ་བ་མ་ལྡན་ཡང། རྗེས་སུ་མཇལ་ཐུབ་པའི་རེ་བ་སྙིང་ནས་ཆེ།  

དགོན་ལུང་དགོན་པའི་ནང་དང་རྒྱལ་སྲས་རི་ཁྲོད་སོགས་ལ་མཇལ་ཕྱག་བྱས་ཚར་རྗེས། དགོན་པ་དང་རི་ཁྲོད་གཉིས་ཀྱི་བར་ན་ལུང་ཁུག་སྐྱིད་པོ་ཞིག་འདུག་པར་གུང་གསེང་བྱས་ནས་ཕྱི་དྲོའི་བར་བསྡད།  བན་ཆུང་དག་རང་རང་གི་དགའ་ཕྱོགས་དང་བསྟུན་ནས་ནགས་གསེབ་དང་སྤང་ཐང་སོགས་སུ་རྩེད་འཇོ་ལ་རོལ་བཞིན་དགའ་སྣང་གིས་ཁེངས་འདུག

བཞི།

དེང་དགོན་ལུང་བྱམས་པ་གླིང་གནས་སའི་རྫོང་གི་མིང་ལ་རྒྱ་སྐད་ཀྱིས་ཧུའུ་ཀྲུའུ་(互助)ཞེས་ཟེར་ཞིང་རྒྱལ་ཁབ་ཀྱིས་བཅིང་བཀྲོལ་བྱ་བའི་རྗེས་སུ་ཧོར་རིགས་(土族)རང་སྐྱོང་གི་རྫོང་ཞིག་ཏུ་བསྒྱུར།  དེང་བོད་སྐད་དུ་དགོན་ལུང་རྫོང་དུ་འབོད་མཁན་མང་།  རྫོང་ཐོག་ནས་སྤྱི་ལེ་སུམ་ཅུ་མཚམས་ཀྱི་བུའུ་ཧྲི་གྲོང་བརྡལ་གྱི་ཀྲེ་ཅ་ཞེས་པའི་སར་ཡོད།  ཧུའུ་ཀྲའུ་ཞེས་པ་བོད་སྐད་ཀྱིས་ཡུལ་འདིར་"ཧོར་གྲོང་"ཞེས་འབོད་པའི་སྒྲ་ལས་འགྱུར་བ་ཡིན་ཞེས་མང་པོ་ཞིག་གིས་བཤད།  ཡུལ་འདི་དང་རྫོང་འདིའི་གཞིས་སྡོད་མི་རིགས་གཙོ་བོ་ནི་སྔོན་ཞིག་ནས་ཧོར་རིགས་ཡིན།  ཧོར་རིགས་ནི་རང་རེའི་མཚོ་སྔོན་ཁུལ་དང་ཀན་སུའུ་དཔའ་རིས་ཡུལ་དུ་མ་གཏོགས་མེད་པའི་མི་རིགས་ཤིག་ཡིན་ལ།  སྔོན་ནས་བཟུང་རང་གི་སྐད་ཆ་ཡོད་ལ་ཡི་གེ་མེད།  ལོ་ངོ་འགའ་ཡི་སྔོན་དུ་ཞིང་ཆེན་དང་ས་གནས་ཀྱི་ཤེས་ལྡན་པ་སྐོར་ཞིག་གིས་དབྱིན་ཡིག་གི་ཡིག་གཟུགས་ལ་དཔེར་བྱས་ནས་ཧོར་ཡིག་ཅིག་བཟོས་ཀྱང་།  ཧོར་རང་གི་སྐད་བརྡ་དང་རིང་དུ་གནས་པས་རང་བཞིན་གྱིས་མེད་པར་ཆགས་པར་བཤད།  དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་དམངས་གླུ་དང་གཏམ་རྒྱུད་སོགས་མང་དུ་མཆིས་ཤིང་གླུ་དང་གར་ལ་དགའ།  སྐྱེས་པ་ཚོས་དབྱར་ཐོག་རས་ལྭ་རིང་བོ་དང་དགུན་ཁར་སློག་པ་གྱོན་ཏེ་སྐ་རགས་བཅིངས་ཤིང་། མགོ་ལ་ཕྱིང་ཞྭ་གྱོན།  སྐྱེས་མ་ཚོས་གོང་བ་མཐོ་ཞིང་གོང་ཁར་མེ་ཏོག་གཙགས་ཤིང་། ཕུ་ཐུང་རྣམས་ཁ་དོག་སྣ་ལྔའི་རས་ཀྱིས་བཟོས་པའི་སྟོད་ཐུང་གྱོན་པར་མ་ཟད། ཕྱི་རུ་ཁན་སྦྱར་ནག་པོ་དང་མགོ་ལ་ཕྱིང་ཞྭ། རྐང་བར་མེ་ཏོག་ཕབ་ཡོད་པའི་འཇུར་རྟ་གྱོན་པ་སོགས་བྱེད།

1500868044626026.jpg

ཧོར་ཡུལ་དུ་བོད་ཀྱི་ནང་ཆོས་དར་བས་འཚོ་བའི་གོམས་སྲོལ་དང་བསམ་བློའི་འདུ་ཤེས།  ཆོས་ལུགས་དད་མོས།  ཡུལ་སྲོལ་གོམས་གཤིས་སོགས་བོད་མི་རིགས་དང་ཧ་ཅང་འདྲ་བོ་ཡོད་པས།  རིག་གནས་ཀྱི་ཆ་ནས་བོད་ཀྱི་རིག་གནས་ར་བ(文化圈)འི་ཁོངས་སུ་འདུ། ཁོ་ཚོའི་ངག་རྒྱུན་ལ་གྲགས་པའི་ལོ་རྒྱུས་སུ་ཧོར་རིགས་ཀྱི་མེས་པོ་ནི་ཨ་ཕ་སོག་པོ་ཞིག་དང་ཨ་མ་བོད་མོ་གཉིས་འདུས་པ་ལས་མཆེད་པར་བཤད་ལ།  དེང་གི་སྐད་བརྡའི་ནང་དུ་ཡང་སོག་སྐད་དང་བོད་སྐད་ཧ་ཅང་མང་ལ།  ལྷག་པར་ཆོས་ལུགས་ཀྱི་ཡོ་བྱད་དག་གི་མིང་བོད་སྐད་ཤ་སྟག་ཡིན། མི་མིང་ཕལ་ཆེར་ཡང་བོད་སྐད་ཀྱི་མིང་འདོགས་པར་བྱེད།  ཁྱིམ་ཚང་མང་ཆེ་བས་ཁྱིམ་གྱི་སྲུང་མར་ལྷ་མོ་དང་གནམ་སྲས། དམ་ཅན་སོགས་བསྟེན་སྲོལ་འདུག་པས་བུ་དང་བུ་མོ་སོགས་ལ་མིང་འདོགས་སྐབས་རང་གི་ཁྱིམ་གྱི་སྲུང་མའི་མཚན་གྱི་ཟུར་གཅིག་རང་མིང་དུ་འདོགས་པའི་སྲོལ་མཆིས་པས་ལྷ་མོ་ཚེ་རིང་དང་གནམ་སྲས་སྐྱབས།  དམ་ཅན་རྒྱལ་ལྟ་བུའི་མིང་ཧ་ཅང་མང་།  ཧོར་རིགས་ཡོངས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་ལས་དགེ་ལུགས་པ་ཁོ་ན་ལ་དད་པ་བྱེད་ལ།  མང་ཚོགས་ཀྱི་ནང་དུ་དགེ་བསྙེན་གྱི་སྡོམ་པ་དང་བསྙེན་གནས་ཀྱི་སྡོམ་པ་ལེན་མཁན་ཧ་ཅང་མང་།  ལོ་བཞི་བཅུའི་ཡན་གྱི་རྒན་པ་ཕོ་མོ་མང་པོས་བསྙེན་གནས་དང་དགེ་བསྙེན་གྱི་སྡོམ་པ་ལེན་སྲོལ་ཡོད་ལ།  ལོ་ན་ལྔ་བཅུར་ལ་སོན་པའི་ཕོ་མོ་སུ་ཞིག་གིས་བསྙེན་གནས་ཀྱི་སྡོམ་པ་དང་དགེ་བསྙེན་གང་རུང་གི་སྡོམ་པ་ཞིག་ལེན་མ་ཐུབ་ཚེ།  ཀུན་གྱིས་དེའི་བུ་དང་བུ་མོ་དག་གིས་ཕ་མ་གཉིས་ལ་བསྙེན་གནས་ཀྱི་སྡོམ་པ་ཞིག་ཀྱང་ལེན་དུ་འཇོག་མ་ཐུབ་ཅེས་འཕྱ་སྨོད་དང་བསྙེན་བཀུར་ཆུང་བའི་རྟགས་སུ་འདོད།  དེ་བས་དགོན་ལུང་ཡུལ་གྱི་ཧོར་རིགས་ནི་བོད་བརྒྱུད་ནང་བསྟན་ལ་སྙིང་ནས་དད་གུས་བྱེད་པའི་ཆོས་ལྡན་གྱི་མི་རིགས་ཤིག་དང་། ཡ་རབས་དང་གུས་ལུགས།  ཐུན་མིན་གྱི་འཚོ་བའི་གོམས་སྲོལ་སོགས་ལྡན་པའི་སྤྱོད་བཟང་གི་མི་རིགས་ཤིག་གོ།

སྐུ་འབུམ་བྱམས་པ་གླིང་དུ་ཧོར་རིགས་ཀྱི་དགེ་འདུན་པ་མང་དུ་ཚོགས་ཞུགས་གནང་ཡོད་ལ་དགེ་བའི་བཤེས་གཉེན་ཡང་མང་དུ་བཞུགས། ཁོང་ཚོའོ་ཁྲོད་ཀྱི་མང་པོ་ཞིག་གིས་བཤད་ན།  དགོན་ལུང་ཡུལ་གྱི་ཧོར་རིགས་ཀྱི་སྐད་དང་རེབ་གོང་དོར་རྡོའི་སྐད།  ཡ་རྫི་ཟ་ལར་རིགས་ཀྱི་སྐད་གསུམ་སྔོན་གྱི་དུས་སྐད་བརྡའི་མ་ལག་གཅིག་ལས་གྱེས་པ་འདྲ་སྟེ།  སྐད་ཀྱི་གདངས་དང་སྦྱོར་ལུགས།  ཐ་སྙད་མང་པོ་ཞིག་གཅིག་མཚུངས་སུ་གྲུབ་འདུག་ལ། ཕན་ཚུན་གྱི་སྐད་ཆ་ཞིབ་ཏུ་ཉན་ན་ནང་དོན་ཕལ་ཆེར་གོ་ཐུབ་ཟེར།  སྐུ་འབུམ་དུ་དགོན་ལུང་གི་གྲྭ་བ་དང་རེབ་གོང་དོར་རྡོའི་གྲྭ་བའི་བར་སྐད་བརྡའི་ཐད་གཏམ་རྒྱུད་དགོད་བྲོ་བ་ཡང་བྱུང་མྱོང་།  ཡུལ་སྐད་འདི་གསུམ་ལ་འབྲེལ་བ་ཞིག་ཡོད་པ་ནི་ངེས་ཅན་ཡིན་པས་སྐད་བརྡ་རིག་པ་རྣམས་ཀྱི་དཔྱད་གཞི་གལ་ཆེན་ཞིག་གོ།

དགོང་ཁའི་དུས་སུ་ང་ཚོ་སྔར་བཞིན་རེས་འཁོར་ཆེན་པོ་དག་ལ་བསྡད་ནས་ཕྱིར་ལམ་ལ་ཞུགས།  དགོན་ལུང་བྱམས་པ་གླིང་ནས་སྐུ་འབུམ་བྱམས་པ་གླིང་དུ་བསྐྱོད་པའི་ལམ་བར་ནི་ད་ནངས་ཀྱི་ཞོགས་པ་དང་འདྲ་བར་ཧ་ཅང་མཛེས།  དགོང་ཁའི་ཉི་མ་དེ་རབ་མཛེས་མཚམས་སྤྲིན་དང་བཅས་ནུབ་ཀྱི་རི་བོའི་རྩེ་ནས་ང་ཚོ་ལ་སྐྱེལ་མ་བྱེད་པ་བཞིན་འོད་དུ་འཚེར།

བོད་མེ་མོ་བྱ་ཕྱི་ལོ༢༠༡༧ལོའི་ཧོར་ཟླ༥བའི་ཚེས༢༨ཉིན་དགོན་ལུང་བྱམས་པ་གླིང་དུ་ལྗོངས་རྒྱུ་ལ་སྐྱོད་སྐབས་ཁྲི་སྐལ་བཟང་བརྩོན་འགྲུས་ཀྱིས་བྲིས་པའོོ།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།