ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་ཀྲུང་དབྱང་དང་ཞིང་ཆེན་གྱི་ཁ་གསབ་རོགས་སྐྱོར་གྱི་རྨང་གཞིའི་སྟེང་ མ་དངུལ་ཆ་འགྲིག་དང་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་ཕོགས་སྣོན་མངོན་འགྱུར་གང་ལེགས་བྱས་ཏེ། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་ཞེས་པའི་སློབ་ཆེན་སློབ་མའི་ལས་ཀའི་འཚོ་བའི་ཁ་གསབ་དེ་ས་གནས་དེ་གའི་ཤང་དང་གྲོང་རྡལ་གྱི་ལས་དོན་སྡེ་ཚན་གྱིས་གསར་དུ་བསྐོ་སྤྱོད་བྱས་པའི་ལས་དོན་མི་སྣས་ཚོད་ལྟའི་དུས་ཡུན་འགོར་རྗེས་ཀྱི་གླ་ཕོགས་ཀྱི་ཆུ་ཚད་མཐོར་འདེགས་བཏང་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་ཞེས་པའི་འཆར་གཞི་ནི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བའི་ལས་སྟེགས་གལ་ཆེན་ཞིག་ཡིན་ལ། གྲོང་གསེབ་གཞི་རིམ་གྱི་ཤེས་ལྡན་མི་སྣ་དཀོན་པའི་གནས་ཚུལ་ཐག་གཅོད་དང་།  ཤེས་ལྡན་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་བྱུང་བར་སྐུལ་མ་གཏོང་བའི་གལ་ཆེའི་བྱ་ཐབས་ཤིག་ཡིན་པ་མ་ཟད། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་སྲིད་ཇུས་དོན་འཁྱོལ་དང་། ཕྱོགས་ཡོངས་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་པ་རེད། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་སློབ་ཆེན་སློབ་མའི་ཁེ་ཕོགས་ལ་ལྟ་སྐྱོང་དང་ལེགས་བཅོས་བྱས་ནས། ཁོ་ཚོའི་འབྱུང་འགྱུར་གྱི་སེམས་ཁྲལ་ཐག་གཅོད་བྱས་པས། གཞི་རིམ་གྱི་ན་གཞོན་ཤེས་ལྡན་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།