ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་གནོད་འགོག་རོགས་སྐྱོབ་ལས་ཀའི་བཀོད་སྒྲིག་ཚོགས་འདུ་འཚོགས།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་དང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཆི་ཅན་ཞིན་སོགས་བདེ་ཆེན་ཁུལ་གྱི་འགོ་ཁྲིད་དག་གསར་སྤེལ་ཆུས་དང་སྟག་མཆོང་གྲོག་རོང་སོགས་ས་གནས་སུ་སོང་ནས་མཁོ་བསྟུན་ཉེན་གཡོལ་དང་གནོད་འགོག་རོགས་སྐྱོབ་ལས་ཀ་ལ་མཛུབ་སྟོན་གནང་བ་དང་།  གསར་སྤེལ་ཆུས་སུ་གནོད་འགོག་རོགས་སྐྱོབ་ལས་ཀའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།

ཀུའུ་ཁུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཆི་ཅན་ཞིན་ཚོགས་འདུར་ཞུགས།  

ཚོགས་འདུའི་ཐོག་བསྟན་དོན།  འབྲི་ཆུའི་ཟླ11པའི་ཚེས3ཉིན་གྱི་བཀག་ཆུའི་ཆུ་ལོག་བྱུང་བ་ནས་བཟུང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཐོག་ཏུ་མཁོ་བསྟུན་དང་ལེན་འགོ་ཚུགས་པ་དང་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཤུགས་ཡོངས་ནས་ཆུ་ལོག་འགོག་པ་དང་གནོད་སྐྱོབ་ལས་ཀ་སྤེལ།  ཚན་རིག་དང་མཐུན་པའི་སྒོ་ནས་འབྲི་ཆུའི་འགྲམ་གྱི་མང་ཚོགས་དང་དེའི་རྒྱུ་ནོར་སྤོ་བ་དང་བཀོད་སྒྲིག་བྱས་པ།  ཆུ་ལོག་བྱུང་བའི་དུས་རིང་དུ་ཆུ་རྒྱུད་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱས་པ་དང་རྒྱུ་ནོར་གྱི་གནོད་སྐྱོན་ཆུང་དུ་གཏོང་བ་རེད།     མིག་སྔར་རང་ཁུལ་དུ་གནོད་སྐྱོན་བྱུང་བའི་གཞི་ཁྱོན་ཆེ་བ་དང་།  རྨང་གཞིའི་སྒྲིག་བཀོད་དང་ཞིང་དུད་ཀྱི་ཁང་པ་དང་ས་ཞིང་ལ་གནོད་སྐྱོན་ཆེན་པོ་བྱུང་བས།  བསྐྱར་བཟོ་དང་བསྐྱར་སྐྲུན་གྱི་ལས་འགན་དཀའ་ཚེགས་ཆེན་པོ་ཡོད།

ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་བགོས་གསལ་པོ་དང་འགན་འཁྲི་དོན་དུ་འཁྱོལ་དགོས་ཏེ།   འགྲིམ་འགྲུལ་སྡེ་ཚན་གྱིས་ཤུགས་ཡོངས་ནས་འགྲོ་ལམ་འཕྲལ་བཟོ་དང་བདེ་བགྲོད་ལས་ཀ་ཡག་པོ་བསྒྲུབ་དགོས།  བཟོ་ལས་དང་ཆ་འཕྲིན་སྡེ་ཚན་གྱིས་འཕྲིན་གཏོང་སྒྲིག་ཆས་འཕྲལ་བཟོ་བྱེད་དགོས་པ་དང་འཕྲོད་བསྟེན་སྡེ་ཚན་གྱིས་གནས་སྤོ་དང་བཀོད་སྒྲིག་ས་ཁུལ་དག་གིས་འཕྲོད་བསྟེན་རིམས་ནད་སྔོན་འགོག་ལས་ཀ་ཡག་པོ་སྒྲུབ་དགོས།  རིམ་པ་ཁག་གི་དམངས་སྲིད་སྡེ་ཚན་གྱིས་དངོས་རྫས་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་དང་གནས་སྤོ་མང་ཚོགས་ཀྱི་རྨང་གཞིའི་འཚོ་བའི་དགོས་མཁོ་འགན་ལེན་བྱེད་དགོས།  གློག་ཤུགས་དང་ཆུ་དོན་སྡེ་ཚན་གྱིས་གློག་འདོན་ལས་ཀ་དང་མང་ཚོགས་ཀྱི་འཐུང་ཆུ་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་།  དྲིལ་བསྒྲགས་སྡེ་ཚན་གྱིས་བརྡ་འཕྲིན་སྐྱེལ་སྤེལ་དང་དྲིལ་བསྒྲགས་ལས་ཀ་ཡག་པོ་སྒྲུབ་དགོས་ཞེས་པའི་བླང་བྱ་བཏོན་པ་རེད། 

བདེ་ཆེན་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་གསར་སྤེལ་ཆུས་ཀྱི་འགན་ཁུར་མི་སྣ།  ཁུལ་འབྲུབ་འགོག་མཛུབ་སྟོན་པུའུ་ཡི་འགན་ཁུར་མི་སྣ་སོགས་ཚོགས་འདུར་ཞུགས།  །    

རྩོམ་སྒྲིག་པ། : ཀླུ་མོ་མཚོ།