ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་ཐོན་སྐྱེད་ཁེ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར25.22ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་འཕེལ་རྒྱས་དང་རྒྱུན་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། ལྷ་ས་ལྟེ་བ་ཡིན་པ་དང་ལྗོངས་ཡོངས་སུ་ཁེབས་པའི་བོད་སྨན་ཞབས་ཞུའི་དྲ་རྒྱ་གཞི་རྩའི་ཆ་ནས་སྐྲུན་ཡོད་ཅིང་། ན་ནིང་ལྗོངས་ཡོངས་ཀྱི་བོད་སྨན་ཐོན་སྐྱེད་ཁེ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར25.22ལ་སླེབས་པ་དང་བོད་སྨན་ཐོན་སྐྱེད་རིམ་བཞིན་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་སྐྱོད་ཡོད། 

རྒྱུས་ལོན་ལྟར་ན། མིག་སྔའི་བར་ལྗོངས་ཡོངས་སུ་བསྡོམས་པས་གཞུང་བཙུགས་བོད་སྨན་ཁང49དང་དམངས་གཉེར་བོད་སྨན་ཁང13ཡོད། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་། གྲོང་ཚོའི་འཕྲོད་བསྟེན་ཁང་དུ་བོད་སྨན་ཞབས་ཞུ་ཁྱབ་ཚད་སོ་སོར100%དང94.4%། 42.4%ལ་སླེབས་ཡོད། བོད་ལྗོངས་ཀྱི་བོད་སྨན་ཐོན་སྐྱེད་ཁེ་ལས17ཀྱི་དོ་དམ་ཚད་གཞིGMPལ་སླེབས་ཡོད་ཅིང་། རྫས་རིགས་སྣ་ཁ8ལ་སླེབས་པ་དང་བོད་སྨན་རིགས360ལྷག་ཐོན་སྐྱེད་བྱས་ནས་བོད་སྨན་རྒྱལ་སྨན་གྱི་ཆོག་འཐུས་ཨང་རྟགས311ཡོད། བོད་སྨན་རིགས3རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག་ནང་བཅུག་པ་དང་བོད་སྨན་རིགས43རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག་ནང་བཅུག་ཡོད།

གཞན་ཡང་། བདུད་རྩི་དང་ཆི་ཀྲིན། ནའོ་ཏི་ཁང་། ལྷ་ཆུ། ལྷ་སྤྲེལ་སོགས་བོད་སྨན་ཟོང་རྟགས་ཀྲུང་གོའི་ཚོང་རྟགས་གྲགས་ཅན་དུ་ངོས་འཛིན་བྱས་ཡོད་ཅིང་། ཆི་ཀྲིན་བོད་སྨན་དང་ནའོ་ཏི་ཁང་སྨན་ལས་བཅས་ཁེ་ལས2ཁྲོམ་འགྲེམ་བྱས་ཡོད་ལ། བདུད་རྩི་དང་ཆི་ཀྲིན། ནའོ་ཏི་ཁང་སོགས་ཁེ་ལས3གྱི་ཕྱིར་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་ལས་བརྒལ་ཡོད། རྗེས་མར། བོད་ལྗོངས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ཆོས་ལེགས་ཆ་འཚོལ་ཞིབ་ཧུར་ཐག་བྱས་ནས། བོད་སྨན་གྱིས་ལུས་ཁམས་གསོ་བ་སོགས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ལྡན་རྣམ་གྲངས་ཞིབ་འཇུག་དང་ཁྲོམ་ར་སྒྱུར་བར་ཤུགས་བསྣན་ཏེ། བོད་སྨན་ལ་འཕྲོད་པའི་ལག་རྩལ་དང་ཁྱད་ལྡན་བདེ་ཐང་ཞབས་ཞུ། བདེ་ཐང་ཐོན་རྫས་ཀྱི་འགྱུར་ལྡོག་དང་ཁྱབ་གདལ་སོགས་ཀྱི་ཐད་ཕན་འབྲས་ཐོབ་པར་བརྩོན་ལེན་བྱེད་དགོས། དེ་དང་ཆབས་ཅིག བོད་སྨན་ཐོན་ལས་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དམ་པོར་འཛིན་པ་དང་ནུས་ལྡན་མ་འཇོག་གྲབས་གསོག་རྒྱ་སྐྱེད་དུ་བཏང་ནས། བོད་སྨན་ཐོན་ལས་མཉམ་འབྲེལ་མནའ་མཐུན་གྲུབ་པ་དང་བོད་སྨན་ཐོན་ལས་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།