ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་ཡོན་ལི་ཆིན་གྱིས་མཚོ་སྔོན་གྱིས་ནུས་ཁུངས་གསར་བའི་རླངས་འཁོར་ཚོ་སྒྲིག་ཐོན་ལས་ལ་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ལ་ནུས་ཁུངས་གསར་བའི་རླངས་འཁོར་བཟོ་སྐྲུན་བྱེད་པའི་ཁྱད་འཕགས་ཀྱི་ཆ་རྐྱེན་འཛོམས་པའི་ཐོན་ཁུངས་དང་ནུས་ཁུངས་ཡོད་པ་དང་། ནུས་ཁུངས་གསར་བའི་རླངས་འཁོར་ཚོ་སྒྲིག་ཐོན་ལས་གལ་ཏེ་མཚོ་སྔོན་དུ་གཞི་ཚུགས་ཐུབ་ན། མཚོ་སྔོན་གྱི་དཔལ་འབྱོར་འཕར་སྣོན་ལ་སྣེ་ཁྲིད་དང་རིགས་སོ་སོའི་མང་ཚོགས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་ཐུབ། དེའི་ཆེད་དུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་གྱི་ཨུ་ཡོན་ལི་ཆིན་གྱིས་མཚོ་སྔོན་གྱིས་ནུས་ཁུངས་གསར་བའི་རླངས་འཁོར་ཚོ་སྒྲིག་ཐོན་ལས་ལ་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

གྲོས་གཞི་ཁྲོད་མཚོ་སྔོན་ལ་ནུས་ཁུངས་གསར་བའི་རླངས་འཁོར་ཚོ་སྒྲིག་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ནུས་པ་ཡོད་ཅིང་། ཚྭ་མཚོའི་ཐོན་ཁུངས་ཕྱོགས་ནས། རྒྱལ་ཡོངས་ཀྱི་ཨང་དང་པོ་དང་འཛམ་གླིང་གི་ཨང་གཉིས་པའི་ཚྭ་ཨར་ཧན་ཚྭ་མཚོ་མཚོན་བྱེད་དུ་བྱས་པའི་མཚོ་སྔོན་ཚྭ་མཚོའི་ཐོན་ཁུངས་ཁྲོད་ཀྱི་ཅཱ་ཚྭ་དང་མཱེ་ཚྭ། ལི་ཚྭ་བཅས་ཀྱི་བསགས་འབོར་ཆ་སྙོམས་སུ་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན། ལོ་མང་པོའི་ལག་རྩལ་གསར་གཏོད་བྱས་པ་བརྒྱུད། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་དེ་རྒྱལ་སྤྱིའི་སྔོན་ཐོན་གྱི་ལག་རྩལ་ལས་བརྒལ་ཡོད་པ་རེད། ནུས་ཁུངས་གཙང་མའི་ཕྱོགས་ནས། མཚོ་སྔོན་གྱི་ཆུ་ནུས་ཐོན་ཁུངས་དང་ཉི་ནུས་འོད་གློག་ཐོན་ཁུངས། རླུང་ནུས་བཅས་ཀྱི་གསར་སྤེལ་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། འོད་གློག་བཟོ་སྐྲུན་ཐོན་ལས་ཕྲེང་སྦྲེལ་ཆ་ཚང་འཛུགས་སྐྲུན་བྱས་ཡོད་པས། ཅུང་ཆ་ཚང་ཡིན་པའི་སྟོད་སྨད་རྒྱུད་ཀྱི་གཅིག་དྲིལ་ཅན་གྱི་ཐོན་ལས་ཕྲེང་སྦྲེལ་གྲུབ་ཡོད་པར་བཤད།

ལི་ཆིན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་རྒྱལ་ནང་གི་ནུས་ཁུངས་གསར་བའི་རླངས་འཁོར་ཚོ་སྒྲིག་སྣེ་འདྲེན་ཁེ་ལས་མཚོ་སྔོན་དུ་གཞི་ཚུགས་པར་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་ཤིང་། མཚོ་སྔོན་དུ་ནུབ་རྒྱུད་ཀྱི་ནུས་ཁུངས་གསར་བའི་རླངས་འཁོར་ཚོ་སྒྲིག་ཐོན་ལས་འདུས་ཚོགས་ཀྱི་མཐོ་ས་གསར་བ་བསྐྲུན་དགོས། ནུས་ཁུངས་གསར་བའི་རླངས་འཁོར་ཐོན་ལས་བདེ་ཐང་འཕེལ་རྒྱས་ཀྱི་སྲིད་ཇུས་བྱེད་ཐབས་བཟོ་བར་སྲིད་ཇུས་རྒྱུ་རྐྱེན་གྱི་སྣེ་ཁྲིད་གཙོ་གནད་དུ་འཛིན་དགོས་ཤིང་། ནུབ་རྒྱུད་ཀྱི་ཐོག་མའི་གསར་གཏོད་སྐབས་ཀྱི་ནུས་ཁུངས་གསར་བའི་རླངས་འཁོར་ཚོ་སྒྲིག་ཁེ་ལས་ལ་དཔྱ་ཁྲལ་ཆག་ཡང་དུ་གཏོང་བ་དང་མེད་པར་བཟོ་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ནུབ་རྒྱུད་ཀྱི་དར་རྒྱས་མིན་པའི་ས་ཁུལ་གྱི་ནུས་ཁུངས་གསར་བའི་རླངས་འཁོར་ཚོ་སྒྲིག་ཁེ་ལས་གཞི་ཚུགས་པར་རོགས་སྐྱོར་བྱས་ཏེ། ནུས་ཁུངས་གསར་བའི་རླངས་འཁོར་ཚན་རྩལ་མི་སྣ་གསོ་སྐྱོང་དང་ནང་འདྲེན་བྱེད་དགོས་པའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།