ཀན་ལྷོ་ཁུལ་གྱིས་ཐབས་མང་མཉམ་སྤྱོད་བྱས་ཏེ་ཐོན་ལས་ དབུལ་སྐྱོར་གྱི་རྨང་གཞི་བརྟན་པོར་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་ཁུལ་གྱིས་ཐོན་ལས་དབུལ་སྐྱོར་ནི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་གཞི་འཛིན་ས་རུ་བཟུང་བ་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གཙོ་བོ་གསལ་བོར་བསྟན་པ་དང་། སྲིད་ཇུས་དང་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། དབུལ་ཐར་གྱི་ཐོན་ལས་རྨང་གཞི་ཕྱོགས་ཡོངས་ནས་བརྟན་པོར་བཏང་།

བྱ་བའི་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་བ། རིམ་པ་བཞིན་དབུལ་ཐར་མཁྲེགས་གཏོར་གྱི་མགོ་ཁྲིད་ཚན་ཚུང་བཙུགས་པ་དང་། ཐོན་ལས་དབུལ་སྐྱོར་གྱི་བྱ་བྱེད་ཚན་ཚུང་གི་འགན་འཁྲི་དོན་འཁྱོལ་བྱས་ཤིང་། ཀན་ལྷོའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ནོར་གནག་དང་ལུག བྱ་ཕོ་སོགས་ཁྱད་ལྡན་ཐོན་ལས་ཆེན་པོ་བརྒྱད་ཀྱིས་གནད་ཁེལ་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས། རྫོང་སོ་སོས་ཀྱང་ཡུལ་བབ་དང་བསྟུན་ནས་གནད་ཁེལ་དབུལ་སྐྱོར་གྱི་ཇུས་གཞི་བཏོན་ཏེ། དབུལ་ཕོངས་ཁྱིམ་ཚང་གི“ཁྱིམ་གཅིག་ཇུས་གཅིག”གི་གནད་ཁེལ་དབུལ་ཐར་འཆར་གཞི་གཏན་འབེབས་དང་འཐུས་ཚང་དུ་བཏང་། ནོར་གནག་དང་ལུག ནས་སོགས་ལ་སྲིད་ཇུས་རང་བཞིན་གྱི་ཞིང་ཕྱུགས་ལས་ཀྱི་འགན་བཅོལ་དོན་འཁྱོལ་བྱས་ཏེ། ནོར་གནག་ཁྲི129.2 དང་། ལུག་ཁྲི235.3 ནས་ས་མུའུ་ཁྲི13.4བཅས་འགན་ལེན་བྱས།

ཡོང་འབབ་འཕར་སྣོན་འབྱུང་བའི་ཐོན་ལས་སྐྱེད་སྲིང་བྱས་པ། རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་དམ་དུ་སྦྲེལ་ནས། “ཁོངས་ཡོངས་གད་སྙིགས་མེད་པའི་ཡུལ་སྐོར་དཔེ་སྟོན་ཁུལ”གསར་སྐྲུན་བྱས་ཏེ། གཏིང་ཟབ་སྒོས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བས། ཡུལ་སྐོར་མི་གྲངས་དང་ཕྱོགས་བསྡུས་ཡོང་འབབ་བསྟུད་མར་ལོ་བཞི་ལ་འཕར་སྣོན་ཆེན་པོ་བྱུང་། གྲོང་གསེབ་ཡུལ་སྐོར་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱས་ཏེ། ཡུལ་སྐོར་ཆེད་ལས་སྡེ་བ126འཛུགས་སྐྲུན་བྱས་པ་དང་། རོང་འབྲོག་པའི་སྤྲོ་སྐྱིད་ཁང1112ལ་རོགས་སྐྱོར་བྱས་ཏེ། རོང་འབྲོག་པ་མང་ཚོགས་མི་ཁྲི3.6ལ་རང་ཡུལ་ནས་ཡོང་འབབ་འཕར་སྣོན་འབྱུང་བའི་སྟེགས་བུ་བསྐྲུན། དེང་རབས་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་མ་ལག་འཛུགས་སྐྲུན་དང་ཀྲུང་བོད་སྨན་རྫས། ས་མཐོའི་སྔོ་ཚལ། སྤུས་ལེགས་ནས་སོགས་ས་ཁོངས་རང་བཞིན་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། ལི་གྲོ་དང་ཕོ་སུལ་ཤ་མོང་སོགས་སྤུས་ལེགས་ཐོན་རྫས་འདེབས་འཛུགས་ཀྱི་གཞི་ཁྱོན་རྒྱ་སྐྱེད་དུ་བཏང་། 

ཕྱོགས་ཡོངས་ནས“བསྒྱུར་གསུམ་བཅོས་སྒྱུར”ལ་སྐུལ་འདེད་བཏང་བ། ཁུལ་དང་རྫོང་གིས“བསྒྱུར་གསུམ”བཅོས་སྒྱུར་གྱི་ཆེད་དོན་རྟོག་ཞིབ་བྱས་ཏེ། རོང་འབྲོག་སྡེ་འཕེལ་རྒྱས་སུ་གཏོང་བའི་མདུན་ལམ་ལ་འཚོལ་ཞིབ་དང་རྒྱུས་ལོན་ཟབ་མོ་བྱས། ཁུལ་དང་རྫོང་། སྡེ་བ་སོགས་ཀྱི་འབྲེལ་ཡོད་འགན་ཁུར་བ་རྩ་འཛུགས་བྱས་ནས་ཀུའེ་ཀྲོའུ་སློབ་ཆེན་སོགས་སུ་ཕྱིན་ཏེ“བསྒྱུར་གསུམ”བཅོས་སྒྱུར་གྱི་ཆེད་དོན་གསོ་སྦྱོང་དང་རྟོག་ཞིབ་སློབ་སྦྱོང་བྱས་ཏེ། རོང་འབྲོག་སྡེའི“བསྒྱུར་གསུམ”བཅོས་སྒྱུར་གྱི་ལག་བསྟར་བསམ་འཆར་གཏན་འབེབས་བྱས་པ་དང་། “བསྒྱུར་གསུམ”བཅོས་སྒྱུར་གྱི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་ཁག་ཐེག་བྱས། 2018ལོར། ཁུལ་ཡོངས་ཀྱིས་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་དང་། “ཁུལ་གཉིས་དང་རྫོང་གཅིག”དང་རོང་འབྲོག་སྡེའི“བསྒྱུར་གསུམ་བཅོས་སྒྱུར”ཏང་དངུལ་ཁ་གསབ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་སྡེ་བ་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བསྡོམས་པས་རོགས་སྐྱོར་མ་དངུལ་སྒོར་ཁྲི14321.39དོན་འཁྱོལ་བྱས།

དཔལ་འབྱོར་གཉེར་སྐྱོང་བྱེད་མཁན་ལ་རོགས་སྐྱོར་བྱས་པ། “དབུལ་ཕོངས་སྡེ་བའི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར”གཏན་འབེབས་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གིས་ས་ཞིང་ལས་གཉེར་དབང་ཆ་དང་། མ་དངུལ། ངལ་རྩོལ་སོགས་ལ་བརྟེན་ནས་མཉམ་ལས་ཁང་ལ་མ་རྐང་འཇོག་པར་སྐུལ་མ་དང་སྣེ་ཁྲིད་བྱས་པས། ཡོང་འབབ་འཕར་སྣོན་ཡོང་བ་མངོན་འགྱུར་བྱུང་། མིག་སྔར་ཐུག་བར་དུ་རོང་འབྲོག་པའི་མཉམ་ལས་ཁང5875ཡོད་དེ། ཐོར་འགོད་པའི་མ་དངུལ་སྒོར་དུང་ཕྱུར91.4ཡིན་པ་དང་། མཉམ་ལས་ཁང་ལ་ཞུགས་པའི་ཁྱིམ་ཚང་ཁྲི5ཡོད་པས། རོང་འབྲོག་པའི་མཉམ་ལས་ཁང་དབུལ་ཕོངས་སྡེ་བ་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱུང་། ཞིང་ཆེན་རིམ་པའི་དབུལ་ཕོངས་སྡེ་བའི་མཉམ་ལས་ཁང་འཕེལ་རྒྱས་གཏོང་བར་མ་དངུལ་སྒོར་ཁྲི520དོན་འཁྱོལ་བྱས་ཏེ། དབུལ་ཕོངས་སྡེ་བའི་མཉམ་ལས་ཁང72ལ་རོགས་སྐྱོར་བྱས་པ་དང་། བྱ་དགའ་དང་ཁ་གསབ་ཀྱི་མ་དངུལ་སྒོར་ཁྲི640དོན་འཁྱོལ་བྱས་ཏེ། རྒྱབ་ཁབ་དང་ཞིང་ཆེན་རིམ་པའི་དཔེ་སྟོན་མཉམ་ལས་ཁང36ལ་རོགས་སྐྱོར་བྱས། དེང་རབས་ཕྱུགས་ལས་དེ་ཐོན་ལས་དང་འབྲེལ་བའི་ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ། རྩྭ་ཐང་གི་ཕྱུགས་ལས་ལས་རིགས་གོང་འཕེལ་དུ་གཏོང་བའི་བྱེད་ཐབས་བསྒྱུར་བ་དང་། ལས་གཞིའི་མ་དངུལ་སྒོར་ཁྲི7406དོན་འཁྱོལ་བྱས་ཏེ། མཉམ་ལས་ཁང186ལ་རོགས་སྐྱོར་བྱས།  །    

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།