ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཨ་རིའི་དཔལ་འབྱོར་རིག་པ་བ་གསུམ་ལ་ཐོབ་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས10ཉིན་གྱི་དགོང་མོར། ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས། བྱ་དགའ་དེ་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་ཀྲུའུ་ཞི་ཟུར་པ་པོ་ནན་ཁེ་དང་། ཀྲི་ཅ་ཀོ་སློབ་ཆེན་པུའུ་སི་ཚོང་ལས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོDouglas W. Diam ond། ཧྲེང་ལུའུ་དབྱི་སི་སློབ་ཆེན་གྱི་དགེ་རྒན་ཆེན་མོPhilip H. Dybvigབཅས་ཨ་རིའི་དཔལ་འབྱོར་རིག་པ་བ3ལ་སྤྲད་དེ། ཁོང་ཚོས་དངུལ་ཁང་དང་དངུལ་རྩའི་ཉམས་ཉེན་ལ་ཞིབ་འཇུག་བྱས་པར་གཟེངས་བསྟོད་བྱས།

དོ་སྣང་བྱ་དགོས་པ་ཞིག་ལ། པོ་ནན་ཁེ་ཡིས་དེ་སྔ་འཛམ་གླིང་གི་དངུལ་རྩ་ཉམས་ཉེན་ཐོན་སྐབས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་ཁུར་མྱོང་། ནོ་པེར་བྱ་དགའ་གཞུང་ཕྱོགས་དྲ་བའི་ཐོག་ནས་མངོན་པར། 1968ལོར་སུའེ་ཏེན་ཀྲུང་དབྱང་དངུལ་ཁང(Sveriges Riksbank)གིས་ནོ་པེར་བྱ་དགའ་གསར་གཏོད་བྱེད་མཁན་ཨའར་ཧྥུའུ་ལའེ་ཏེ·ནོ་པེར་ལ་དྲན་གསོ་ཞུ་བའི་དཔལ་འབྱོར་རིག་པའི་བྱ་དགའི་རྣམ་གྲངས་བཙུགས། བྱ་དགའ་འདི་ནི་ནོ་པེར་ཐེབས་རྩ་ཚོགས་པས་སུའེ་ཏེན་ཀྲུང་དབྱང་དངུལ་ཁང་བཙུགས་ནས་ལོ300ལོན་སྐབས་ཐོབ་པའི་ཞལ་འདེབས་ལ་གཞིགས་ནས་བཙུགས་པ་ཞིག་རེད།

གཞུང་ཕྱོགས་དྲ་བའི་ཐོག་མངོན་པར། ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ1969ལོ་ནས2021ལོའི་བར་ཁྱོན་ཐེངས53ལ་སྤྲད་པ་དང་བྱ་དགའ་ཐོབ་མཁན89ཡོད། ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ནི་སྲོལ་རྒྱུན་དོན་སྙིང་ཐོག་གི་ནོ་པེར་བྱ་དགའ་ཞིག་མིན་རུང་། བཙུགས་པ་ནས་བཟུང་སུའེ་ཏེན་གོང་མ་ཚང་ཚན་རིག་ཁང་གིས1901ལོའི་ཚུན་གྱི་ནོ་པེར་བྱ་དགའ་དང་གཅིག་མཚུངས་ཀྱི་ཚད་གཞི་གཞིར་བཟུང་བྱ་དགའ་སྤྲོད་ཀྱིན་ཡོད།  

1896ལོའི་ཟླ12པའི་ཚེས10ཉིན། སུའེ་ཏེན་གྱི་རྫས་འགྱུར་རིག་པ་བ་དང་ཁེ་ལས་པ་ནོ་པེར་དབྱི་ཐ་ལིའི་ཧྲིན་ལེ་མོ་རུ་ཚེ་ལས་འདས། ཁོང་གིས་ཞལ་ཆེམས་ནང་རྒྱུ་ནོར་མང་ཆེ་བ་དངོས་ལུགས་རིག་པ་དང་། རྫས་འགྱུར་རིག་པ། སྐྱེ་ཁམས་རིག་པ་དང་གསོ་བ་རིག་པ། རྩོམ་རིག་དང་ཞི་བདེའི་ཁྱབ་ཁོངས་བཅས་སུ་མིའི་རིགས་ལ་བྱས་རྗེས་ཆེན་པོ་འབུལ་མཁན་ལ་བྱ་དགའ་སྤྲོད་པའི་ཐད་སྤྱོད་རྒྱུ་ཡིན་ཞེས་འཁོད་ཡོད། ཁ་ཆེམས་ལག་བསྟར་བྱེད་མཁན་གྱིས་ལོ4ཡི་དུས་ཚོད་བེད་སྤྱད་དེ། གཞི་ནས་ཕྱོགས་སོ་སོར་གོ་སྐོན་བློ་འགུག་གིས་ནོ་པེར་གྱི་བསམ་འདུན་ལ་བརྩི་སྲུང་ཞུས། 1901ལོར་སྐབས་དང་པོའི་ནོ་པེར་དངོས་ལུགས་རིག་པ་དང་། རྫས་འགྱུར་རིག་པ། སྐྱེ་ཁམས་རིག་པ།  གསོ་རིག རྩོམ་རིག་དང་ཞི་བདེའི་བྱ་དགའ་བཅས་སྤྲད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།