ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བས་མཐུན་སྦྱོར་བྱས་ཏེ་འཛམ་གླིང་རང་བཞིན་ཅན་གྱི་ཉེན་ཁ་ཐག་གཅོད་བྱེད་དགོས་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚོགས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་དེ་ཚེས་དགུའི་ཉིན་འཇར་པན་གྱི་ཧྥུའུ་ཀང་གྲོང་ཁྱེར་ནས་གྲོལ། གྲོས་ཚོགས་གྲོལ་རྗེས་སྤེལ་བའི་པུའུ་ཀྲང་གསལ་སྒྲོག་ལས་བསྟན་པ་ལྟར་ན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་ཉེན་ཁ་ཡོད་པས། རྒྱལ་ཁབ་སོ་སོས་མཐུན་སྦྱོར་བྱས་ཏེ་འཛམ་གླིང་རང་བཞིན་གྱི་ཉེན་ཁ་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། 

གསལ་སྒྲོག་ལས་སྔོན་དཔག་བྱས་དོན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དེ་ད་ལོའི་ལོ་སྨད་ནས་སང་ལོའི་བར་གཏན་འཇགས་ངང་འཕར་སྣོན་འབྱུང་བའི་རེ་བ་ཡོད་ཀྱང་། འཛམ་གླིང་གི་དཔལ་འབྱོར་ཐད་ཉམས་དམས་ཀྱི་ཉེན་ཁ་ཡོད་ལ། ཁྱད་པར་དུ་ཉོ་ཚོང་ཉེན་ཁ་དང་ས་གནས་ཆབ་སྲིད་ཉེན་ཁ་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་ཉེན་ཁ་ཐག་གཅོད་བྱེད་རྒྱུ་མ་ཟད། སྔར་ལས་ལྷག་པའི་འགུལ་སྐྱོད་སྤེལ་རྩིས་ཡོད་ཟེར། 

འཇར་པན་ཕྱོགས་ཀྱིས་གྲོས་གཞི་བཏོན་པ་ལྟར་དུ། ཚོང་རྫས་ཉོ་ཚོང་གི་ཡོང་འབབ་དང་འགྲོ་སོང་དོ་མི་མཉམ་པ་ལས་གཞན། གྲོས་ཚོགས་ནས་ད་རུང་ཞབས་ཞུའི་ཉོ་ཚོང་དང་དངུལ་གཏོང་ཁེ་ཕན་འདུས་པའི་དུས་རྒྱུན་ལས་གཞིའི་ཡོང་འབབ་དང་འགྲོ་སོང་དོ་མི་མཉམ་པའི་གནད་དོན་ལ་གྲོས་བསྡུར་བྱས། 

གྲོས་ཚོགས་ནས་ཕྱི་ཕྱོགས་ཀྱི་འགྲོ་སོང་དང་ཡོང་འབབ་ལ་གདེང་འཇོག་བྱེད་སྐབས། གྲུབ་ཆའི་རྒྱུ་ཡོད་ཚད་ལ་དམིགས་ཏེ་རྒྱལ་ཁབ་སོ་སོས་རང་སྟེང་གི་དོན་དངོས་གནས་ཚུལ་དང་འཚམ་པའི་ཆེ་མཐོང་དཔལ་འབྱོར་སྲིད་ཇུས་དང་གྲུབ་ཚུལ་རང་བཞིན་གྱི་སྲིད་ཇུས་ལག་བསྟར་བྱ་དགོས་པར་འདོད། གྲོས་བསྡུར་ཁྲོད་དུ་པུའུ་ཀྲང་ཚོས་བལྟས་ན། དོ་མི་མཉམ་པའི་གནད་དོན་ཡོ་བསྲང་བྱེད་པར་མཉམ་དུ་འབད་བརྩོན་བྱེད་པར་གལ་འགངས་ཆེ་བར་འདོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།