ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ལི་ཨང་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་གསུམ་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཤར་ལྷོའི་ཕྱོགས་ཀྱི་ལི་ཨང་གྲོང་ཁྱེར་ལྟེ་གནས་ཀྱི་ཐང་ཆེན་ཞིག་གི་ཉེ་འདབས་སུ་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གསུམ་ལ་རྨས་ཕོག ས་དེའི་ཉེན་རྟོག་ཕྱོགས་ཀྱིས་འགས་གཏོར་དོན་རྐྱེན་བཟོ་མཁན་གྱི་དོགས་ཡོད་ཉེས་ཅན་གཅིག་འཛིན་བཟུང་བྱེད་བཞིན་ཡོད། 

བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ལི་ཨང་གྲོང་ཁྱེར་ལྟེ་གནས་ཀྱི་པེ་ལེ་ཁུའུ་ཨར་ཐང་ཆེན་ཉེ་འདབས་ཀྱི་གོར་སོབ་ཁང་ཞིག་གི་སྒོ་ཁ་ནས་བྱུང་བ་དང་། འགས་གཏོར་ཁྲོད་ཉུང་མཐར་ཡང་མི་བཅུ་གསུམ་ལ་རྨས་ཕོག་པ་དང་། དེའི་ནང་བྱིས་པ་གཅིག་འདུས་ཟེར།

བསྒྲགས་པ་ལྟར་ན། ལོ་སུམ་ཅུ་ནས་ལོ་སོ་ལྔའི་བར་གྱི་སྐྱེས་པ་ཞིག་གིས་ཉིན་དེའི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་སུམ་ཅུའི་ཡས་མས་སུ་ལྕགས་རྟ་བསྐོར་ནས་གོར་སོབ་ཁང་གི་སྒོ་ཁར་ཡོང་ནས་སྒམ་ཆུང་ཞིག་དེར་བཞག་པ་དང་། དེའི་རྗེས་སུ་སྒམ་ཆུང་དེར་འགས་གཏོར་བྱུང་བ་རེད། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། འགས་གཏོར་གྱི་སྒྲ་ཆེན་པོ་བྱུང་བ་དང་། ཉེ་འདབས་ཀྱི་ཁང་བའི་ཤེལ་སྒོ་སོགས་ལ་གཏོར་བརླག་ཐེབས་ཡོད་ཟེར། མིག་སྔར་ལི་ཨང་ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་དེ་འཛིན་བཟུང་བྱེད་བཞིན་ཡོད། 

དོན་རྐྱེན་བྱུང་བའི་ས་ཁུལ་དེ་མིག་སྔར་བཀག་སྡོམ་བྱས་ཡོད་པ་དང་། མེ་གསོད་མི་སྣ་དང་འགད་རྫས་གཏོར་ལེན་མི་སྣ་ཡུལ་དངོས་སུ་འབྱོར་ཡོད། ཕཱ་རེ་སིའི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད། 

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཐེངས་འདིའི་འགས་གཏོར་དོན་རྐྱེན་ནི་འཇིགས་སྐུལ་འཇབ་རྒོལ་དུ་གཏན་འཁེལ་བྱས་ཡོད་ལ། ཁོས་རྨས་མ་དང་དེའི་ཁྱིམ་མིར་འཚམས་འདྲི་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།