ཀྲུང་གོ་བོད་ཀྱི་དྲ་བ།

ཁོ་ལོམ་པུ་ཡཱ་ནས་རི་ཉིལ་བའི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོ་ལོམ་པུ་ཡཱའི་གནོད་འཚེ་དོ་དམ་ཅུའུ་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། བསྟུད་མར་དྲག་ཆར་བབས་པའི་དབང་གིས་རྒྱལ་ཁབ་དེའི་ལྷོ་ནུབ་ཕྱོགས་ཀྱི་ཁའོ་ཁཱ་ཞིང་ཆེན་གྱི་ལོ་སཱ་སི་གྲོང་རྡལ་ནས་ཉིན་དེའི་ཞོགས་པར་རི་ཉིལ་བའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག གཞན་ཡང་མི་ཉི་ཤུ་གར་སོང་རྙེད་མེད་ཟེར། 

ཁོ་ལོམ་པུ་ཡཱའི་གནོད་འཚེ་དོ་དམ་ཅུའུ་ཡིས་བསྒྲགས་པ་ལྟར་ན། ལོ་སཱ་སི་གྲོང་རྡལ་ཉེ་འདབས་ཀྱི་གཞུང་ལམ་ཞིག་གི་འགྲམ་ནས་ཉིན་དེའི་ཞོགས་པར་རི་ཉིལ་བའི་དོན་རྐྱེན་བྱུང་བ་དང་། ཉེ་འཁོར་གྱི་སྡོད་དམངས་ཀྱི་ཁང་བ་མང་བོར་གཏོར་བརླག་ཐེབས་ཏེ་མི་སྣ་ཤི་རྨས་ཐེབས་པར་མ་ཟད་གར་སོང་མ་རྙེད་པའང་ཡོད་པ་རེད། ས་དེའི་སྡོད་དམངས་དག་མྱུར་མོར་ས་གཞན་དུ་ཕྱིར་འཐེན་བྱས་པ་དང་། རྒུད་སྐྱོབ་མི་སྣ་ཡུལ་དངོས་སུ་འབྱོར་ནས་སྔོག་བཤེར་བྱ་བ་སྤེལ་བཞིན་ཡོད། 

ཁའོ་ཁཱ་ཞིང་ཆེན་གྱི་ཧྲིན་ཀྲང་ཁན་པའོ་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་རྒུད་སྐྱོབ་ལ་རོགས་འདེགས་བྱེད་བཞིན་ཡོད་པ་དང་། སྨན་བཅོས་མི་སྣས་ཡུལ་དངོས་སུ་མྱུར་སྐྱོབ་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།