ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱ་དང་ཨུ་རུ་སིས་སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་ཐད་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཚེས་བཅུ་དགུའི་ཉིན་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཙུང་ཐུང་གི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ལཱ་ཧྥུའུ་ལེན་ཅི་ཡེ་ཧྥུའུ་དང་མཉམ་དུ་སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་ཐད་ནས་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་སྐོར་ཐེངས་གསར་བའི་གྲོས་མོལ་དང་འབྲེལ་བའི་གྲོས་གཞི་སྣ་ཚོགས་ལ་གྲོས་བསྡུར་བྱས་པ་དང་། སི་རི་ཡཱ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་འབྲེལ་ཡོད་གྲོས་གཞིའི་ཐད་ནས་མཐུན་སྦྱོར་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། 

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་བཟུང་དམག་བརྗེ་སྤོར་བྱེད་པ་དང་གར་སོང་མ་རྙེད་པའི་མི་སྣར་རྩད་ཞིབ་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

པཱ་ཧྲ་ཨར་གྱིས་གྲོས་མོལ་བྱེད་སྐབས་བསྟན་དོན། དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་བཀག་རྒྱ་སེལ་ནས། སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་དང་འབྲེལ་བའི་གྲོས་མཐུན་དངོས་འབེབ་བྱེད་དགོས། གྲོས་མཐུན་དེ་དག་གཙོ་གནད་ནི་ས་ཁུལ་དེའི་འཇིགས་སྐུལ་རྩ་འཛུགས་ཚར་གཅོད་བྱེད་པ་དེ་ཡིན་ཟེར། 

ལཱ་ཧྥུའུ་ལེན་ཅི་ཡེ་ཧྥུའུ་ཡིས་བསྟན་དོན། སྐོར་ཐེངས་རྗེས་མའི་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་ནས་འཇིགས་སྐུལ་ལ་ངོ་རྒོལ་དང་། སི་རི་ཡཱའི་ཆབ་སྲིད་འཕེལ་རིམ། སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་། འཐབ་འཁྲུག་ཁྲོད་གར་སོང་མ་རྙེད་པའི་མི་སྣའི་རྩད་གཅོད། ཡུལ་གྱར་བ་སོགས་གྲོས་གཞིའི་ཐད་ནས་གྲུབ་འབྲས་ལོན་ཐུབ་པར་ཡིད་ཆེས་ཡོད་ཟེར། 

ཧཱ་སག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཚོད་དཔག་བྱས་ན་སྐོར་ཐེངས་རྗེས་མའི་གྲོས་མོལ་དེ་ཟླ་འདིའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། གྲོས་མོལ་ནས་གཙོ་བོ་སི་རི་ཡཱའི་གནས་བབ་དང་། ཁྱད་པར་དུ་དབྱེ་ཏི་ལེ་པུའུ་ཞིང་ཆེན་དང་སི་རི་ཡཱའི་ཤར་ཕྱོགས་གནས་བབ། སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་པ། སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོའི་བར་ཡིད་ཆེས་འཛུགས་པ། ཡུལ་གྱར་བ་དག་ཕྱིར་རང་གི་ཕ་ཡུལ་དུ་ལོག་པར་སྐུལ་འདེད་གཏོང་བ། མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ལེགས་བཅོས་བྱེད་པ་སོགས་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།