ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁའི་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ལ་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་བཅུ་བདུན་ཉིན་ཨ་མེ་རི་ཁས་དབྱི་ལིང་ལ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་ལ་སྐྱོན་བརྗོད་བྱས་པ་དང་། ཐུར་ཁེ་ཕྱོགས་ཀྱིས་དབྱི་ལིང་བར་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུའི་ཚུལ་བསྟན། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཉིན་དེར་ཨན་ཁཱ་ལཱ་ནས་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་དང་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་ལ་དཔལ་འབྱོར་བཀག་སྡོམ་བྱས་པ་ནི་དངོས་ཡོད་དང་མི་མཐུན་པའི་ནོར་འཆུག་གི་བྱ་སྤྱོད་ཅིག་ཡིན་པ་དང་། ཐུར་ཁེ་དང་དབྱི་ལིང་གིས་ཨ་མེ་རི་ཁའི་བཀག་སྡོམ་ལ་ཡོལ་བའི་ཚབ་བྱེད་རྐྱེན་སྲོལ་ཞིག་བརྩོན་ལེན་བྱེད་བཞིན་ཡོད་ཟེར། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ད་རུང་ཨ་མེ་རི་ཁས་དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་འཇིགས་སྐུལ་རྩ་འཛུགས་ནང་ཞུགས་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་བྱ་སྤྱོད་དེ་ནི་ཆེས་ནོར་འཆུག་གི་ཆོད་དོན་ཅིག་ཡིན་ཞིང་། རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་སྒྲིག་ལམ་ལ་རྨ་ཁ་ཚབས་ཆེན་འབྱུང་སྲིད་ལ། ས་ཁུལ་གྱི་ཞི་བདེ་གཏན་འཇགས་དང་དཔལ་འབྱོར་གྱི་འཕེལ་རྒྱས་ལའང་གཏོར་བརླག་ཐེབས་སྲིད་ཟེར། 

ཀྲ་ལི་ཧྥུའུ་སོགས་ཀྱིས་སི་རི་ཡཱ་རུ་འཚམས་འདྲི་བྱས་རྗེས་ཐུར་ཁེ་རུ་འབྱོར་བ་རེད། ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གིས་བསྒྲགས་པ་ལྟར་ན། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ཀྲ་ལི་ཧྥུའུ་དང་མཉམ་དུ་གསང་བའི་གྲོས་མོལ་བྱས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།