ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་རེ་འདུན་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་རེ་འདུན་བསྐྱར་སྒྲོག་བྱས་པ་དང་། ཡོ་རོབ་གླིང་གྲོས་ཁང་གིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མཚམས་འཇོག་པའི་སྙན་ཞུ་སྤེལ་བར་ངོ་རྒོལ་བྱས། 

ཡོ་རོབ་གླིང་གྲོས་ཁང་གི་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་ཚེས་ཉི་ཤུའི་ཉིན་སྙན་ཞུ་ཞིག་ལ་གྲོས་མཐུན་བཀོད་དེ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། དེའི་རྒྱུ་མཚན་ནི་ཐུར་ཁེ་ཡིས་འགྲོ་མིའི་ཐོབ་ཐང་དང་སྤྱི་དམངས་ཀྱི་རང་དབང་སྣང་མེད་དུ་བསྐྱུར་བ་དང་། ཁྲིམས་འཛིན་ཐེ་གཏོགས་བྱས་པ། སེ་ཕུའུ་ལུའུ་སི་སོགས་ཁྱིམ་མཚེས་རྒྱལ་ཁབ་བར་མངའ་ཁོངས་རྩོད་གླེང་བྱས་པ་སོགས་རེད། སྙན་ཞུ་དེ་ཟླ་གསུམ་པར་ཡོ་རོབ་གླིང་གྲོས་ཁང་ལ་སྤྲད་དེ་བརྡས་ཐག་གཅོད་རྒྱུ་རེད། 

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཐུར་ཁེ་ཡིས་ཡོ་རོབ་གླིང་གྲོས་ཁང་གི་སྙན་ཞུ་དེ་དང་ལེན་གཏན་ནས་བྱེད་མི་སྲིད། ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་གྱི་འདེམ་སྒུག་རྒྱལ་ཁབ་ཡིན་པའི་ཆ་ནས། ནམ་རྒྱུན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་ཆེད་དུ་བཅོས་བསྒྱུར་བྱེད་བཞིན་ཡོད་ལ། ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་དེ་ཐུར་ཁེ་དང་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་འཚམ་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།