ཀྲུང་གོ་བོད་ཀྱི་དྲ་བ།

ཙེམ་པབ་ཝེའི་རླངས་འཁོར་གཉིས་ཐོ་བརྒྱབ་སྟེ་ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཙེམ་པབ་ཝེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་རྒྱལ་ས་ཧཱ་ལཱ་ལོས་ཉེ་འདབས་སུ་ཉིན་དེར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར། 

ཙེམ་པབ་ཝེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། དོན་རྐྱེན་དེ་ཙེམ་པབ་ཝེ་ནས་མའོ་སིང་པུས་ཁི་རུ་འཐེན་པའི་མྱུར་བགྲོད་གཞུང་ལམ་ཞིག་གི་སྟེང་བྱུང་བ་རེད། དོན་རྐྱེན་བྱུང་སྐབས་འགྲུལ་བ་གང་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་གི་རྐྱ་བ་གས་རྗེས་ཁ་ལོ་བྱེད་ཐབས་བྲལ་ནས་ཁ་གཏད་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་དང་ཐོ་བརྒྱབ་སྟེ་མི་སྣར་ཤི་རྨས་བྱུང་བ་རེད། 

དེ་ནི་ཟླ་ངོ་གཅིག་ལྷག་གི་རིང་ཙེམ་པབ་ཝེ་ནས་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་ཆེན་པོ་ཐེངས་བཞི་བ་རེད། ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་གཉིས་ཧཱ་ལཱ་ལོས་དང་ཤར་ཕྱོགས་ཀྱི་གྲོང་ཁྱེར་མུའུ་ཐཱ་ལོས་གཅིག་ཏུ་སྦྲེལ་བའི་མྱུར་བགྲོད་གཞུང་ལམ་སྟེང་ཐོ་བརྒྱབ་སྟེ། མི་ལྔ་བཅུ་རྐྱེན་ལམ་དུ་ཤོར། ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ལྷོ་ཕྱོགས་ཀྱི་མྱུར་བགྲོད་གཞུང་ལམ་སྟེང་མེར་འབར་ནས་མི་ཞེ་གཉིས་རྐྱེན་ལམ་དུ་ཤོར། ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན། ཙེམ་པབ་ཝེའི་ཤར་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།