ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་གིས་རྒྱལ་སྤྱིའི་མནའ་འབྲེལ་དང་དབྱི་སི་རལ་གྱིས་སི་རི་ཡཱ་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ལ་འཕྲིན་ཡིག་བསྐུར་ཏེ། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་དང་དབྱི་སི་རལ་གྱིས་སི་རི་ཡཱ་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་། 

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བསྐུར་བའི་འཕྲིན་ཡིག་ནང་བཤད་རྒྱུར། ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་སི་རི་ཡཱའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་ཧྲ་ཧྥ་གྲོང་རྡལ་གྱི་སྡོད་དམངས་དང་དམངས་བཀོལ་སྒྲིག་ཆས་ལ་བར་སྣང་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་སུམ་ཅུ་ལྷག་རྐྱེན་ལམ་དུ་ཤོར་། དེའི་ནང་མང་ཆེ་བ་ནི་བུད་མེད་དང་བྱིས་པ་རེད། མི་སེར་དཀྱུས་མ་མང་བོ་ཞིག་རོའི་འོག་ཏུ་མནན་ཡོད་པས། འདས་པོའི་ཁ་གྲངས་མུ་མཐུད་དུ་ཇེ་མཐོར་འགྲོ་ངེས་རེད་ཟེར། 

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་འཕྲིན་ཡིག་ནང་བཤད་རྒྱུར། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་སི་རི་ཡཱ་ནས་རྒྱུན་ཆད་མེད་པར་ཉེས་པ་བསགས་ཡོད་ལ། དེས་མི་གཤིས་ཀྱི་རིན་ཐང་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་སྣང་ཆུང་བྱེད་པ་མཚོན་ཡོད་པ་དང་། དེ་རང་སྟེང་གི་རྩ་དོན་དང་ཡང་རྒྱབ་འགལ་དུ་སོང་ཡོད་ཟེར། 

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱིས་ཚེས་ཉེར་དགུའི་ཉིན་གྱི་དགོང་མོར་ཏཱ་མཱ་ཧྲི་ཀིའི་ལྷོ་ཕྱོགས་ཀྱི་ཅི་སི་ཝེ་ས་ཁུལ་དུ་འཇབ་རྒོལ་བྱས། དབྱི་སི་རལ་གྱིས་ཡང་དང་བསྐྱར་དུ་སི་རི་ཡཱ་ལ་འཇབ་རྒོལ་བྱས་པ་ལས་དེས་འཇིགས་སྐུལ་རྩ་འཛུགས་ལ་རྒྱབ་སྐྱོར་བྱས་ཏེ་སི་རི་ཡཱའི་ཉམས་ཉེན་ལ་འགོར་འགྱངས་བྱེད་རྩིས་ཡོད་པ་གསལ་བཤད་བྱེད་ཐུབ་ཟེར། 

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་འཕྲིན་ཡིག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ཏེ། གོང་སྨྲས་ཀྱི་བྱ་སྤྱོད་ལ་བཀག་འགོག་དང་རྒོལ་གཏམ་གཏོང་དགོས་པར་མ་ཟད། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས། ཁྲིམས་སྐྱོང་བཅས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། 

སི་རི་ཡཱའི་དཔོན་ཕྱོགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་མཁའ་སྲུང་མ་ལག་ཉིན་དེའི་དགོང་མོར་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ལྷོ་འདབས་ཀྱི་བར་སྣང་ནས་འཇབ་རྒོལ་བྱེད་པར་ཡོང་བའི་དམིགས་འབེན་འགའ་སར་འཕངས་ཡོད། སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེའི་དགོང་མོར་ཏཱ་མཱ་ཧྲི་ཀིའི་ལྷོ་ཕྱོགས་དང་ལྷོ་ནུབ་ཕྱོགས་ཀྱི་ཞིང་སྡེ་ས་ཁུལ་དུ་འཇབ་རྒོལ་བྱས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།