ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པཱ་ཡིས་ཨ་མེ་རི་ཁས་ལམ་ཡིག་མི་སྟེར་བའི་བྱ་སྤྱོད་དེས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་བཀག་རྒྱ་བཟོས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུ་པཱའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཨ་མེ་རི་ཁར་སྡོད་པའི་ཁུ་པཱའི་ཕྱི་འབྲེལ་མི་སྣར་ལམ་ཡིག་མི་སྟེར་བའི་བྱ་སྤྱོད་དེས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་འཐུས་ཚབ་ཚོགས་པའི་བྱ་བར་བཀག་རྒྱ་བཟོ་ཡོད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་ཇེ་སྡུག་བཏང་ཡོད་ཟེར། 

ཁུ་པཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཉེ་བའི་ཟླ་ངོ་འགའི་ནང་། ཨ་མེ་རི་ཁས་ཁུ་པཱ་ཡིས་ཁུ་པཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣས་ལམ་ཡིག་གི་འགྲོ་ལུགས་བསྒྲུབ་སྐབས་བར་ཆད་བཟོས་པ་དང་། ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་བྱ་བ་སྤེལ་བར་བཀག་རྒྱ་བཟོས་ཡོད་ཟེར། ཨ་མེ་རི་ཁས་དོན་དེར་ཁ་གཡར་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གནོད་པ་བཟོ་འདོད་པ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། བྱ་སྤྱོད་དེ་ནི་དོན་དངོས་ལ་མངོན་སུམ་འཛེམ་མེད་དུ་འཁྱོག་བརྗོད་བྱེད་འདོད་པ་ཡིན་ལ། དོན་དངོས་སུ་བསམ་བཞིན་དུ་ཨ་མེ་རི་ཁའི་སྲིད་གཞུང་གིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་བར་ཕྱོགས་གཅིག་ནས་ཁུ་པཱ་རུ་སྡོད་པའི་ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣ་ཇེ་ཉུང་དུ་གཏོང་རྒྱུ་ཐག་བཅད་དེ་རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པའི་རྒྱུན་ལྡན་བྱ་བར་ཤུགས་རྐྱེན་བཟོ་བའི་དོན་དངོས་གསང་འདོད་པ་རེད་ཟེར། དེའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་འཐུས་ཚབ་ཚོགས་པར་ལམ་ཡིག་བསྒྲུབ་པའི་བརྒྱུད་རིམ་ལའང་ཨ་མེ་རི་ཁའི་འགྱུར་ལྡོག་ངེས་གཏན་མེད་པའི་ཆོད་དོན་གྱི་ཤུགས་རྐྱེན་ཐེབས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།