ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་གིས་ཧི་ཐེ་ཏཱ་རུ་དམག་མི་ཁ་སྣོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་དམག་དཔུང་གི་མི་སྣས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཡེ་མིན་གྱི་གནས་སྐབས་རྒྱལ་ས་ཡཱ་ཏེན་ནས་ཧི་ཐེ་ཏཱ་རུ་དམག་དཔུང་ཁ་སྣོན་བྱས་ཏེ། ཧི་ཐེ་ཏཱ་གྲོང་ཁྱེར་སྲུང་བའི་ཧུའུ་སེ་དྲག་ཆས་པའི་དཔུང་འཇུག་ལ་ངོ་རྒོལ་བྱེད་པར་ཤུགས་སྣོན་བྱས། 

མིང་བཤད་མི་འདོད་པའི་སྲིད་གཞུང་དམག་དཔུང་གི་གཡུལ་སའི་བཀོད་འདོམ་དཔོན་པོས་གསར་འགོད་པར་བཤད་རྒྱུར། སྦྱོང་བརྡར་བྱང་ཚད་ལྡན་པའི་སྲིད་གཞུང་དམག་དཔུང་གི་དམག་མི་སྐོར་ཞིག་ཉིན་དེར་ཡཱ་ཏེན་གྲོང་ཁྱེར་ནས་ཧི་ཐེ་ཏཱ་རུ་འབྱོར་བ་དང་། ཧུའུ་སེ་དྲག་ཆས་པར་དམིགས་པའི་དམག་དོན་འགུལ་སྐྱོད་ནང་ཞུགས་རྩིས་ཡོད་ཟེར། 

ཁོས་མཚམས་སྦྱོར་བྱས་དོན། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཧུའུ་སེ་དྲག་ཆས་པར་དུས་ཚོད་འགའི་ནང་གནས་སྐབས་སུ་འཁྲུག་རྩོད་མཚམས་བཞག་པ་དང་། དམིགས་ཡུལ་ནི་དམག་དཔུང་ཡང་བསྐྱར་བཀོད་སྒྲིག་བྱས་ཏེ། སྐོར་ཐེངས་གསར་བའི་དཔུང་འཇུག་བྱས་ནས། ཧི་ཐེ་ཏཱའི་ས་ཁུལ་གཞན་པ་ཧུའུ་སེ་དྲག་ཆས་ཉེས་ཅན་གྱི་ལག་ནས་ཕྱིར་ལེན་པའི་ཆེད་ཡིན་ཟེར། 

ཁོས་བསྟན་དོན། ཧུའུ་སེ་དྲག་ཆས་ཉེས་ཅན་གྱིས་ངོ་རྒོལ་དྲག་པོ་བྱས་ཀྱང་། འདས་པའི་ཉིན་འགའི་ནང་སྲིད་གཞུང་དམག་དཔུང་གིས་ཧི་ཐེ་ཏཱའི་དམག་དོན་འགུལ་སྐྱོད་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། མིག་སྔར། སྲིད་གཞུང་དམག་དཔུང་གིས་ཧི་ཐེ་ཏཱ་གྲོང་ཁྱེར་དཀྱིལ་དབུས་ས་ཁུལ་དུ་དཔུང་འཇུག་བྱས་པ་དང་། གནས་དེའི་ཧུའུ་སེ་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་དྲག་པོ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།