ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་ཏུན་གཅིག་རྩད་ཆོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་རྒྱལ་ཁོངས་བརྒལ་བའི་དུག་རྫས་ལྐོག་འཚོང་ཚོགས་ཁག་ཅིག་རྩད་ཆོད་དེ་དུག་རྫས་ཏུན་གཅིག་ཙམ་གཞུང་བཞེས་བྱས། 

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁོངས་བརྒལ་བའི་དུག་རྫས་ལྐོག་འཚོང་ཚོགས་ཁག་དེས་ཡོ་རོབ་གླིང་གི་རྒྱལ་ཁབ་ནས་ཨུ་རུ་སི་ལ་དུག་རྫས་ལྐོག་འཚོང་བྱེད་བཞིན་ཡོད་པར་མ་ཟད། ཨུ་རུ་སིའི་མངའ་ཁོངས་སུ་དུག་རྫས་ཐོན་སྐྱེད་བྱེད་བཞིན་ཡོད་ལ། དུག་རྫས་དག་ཨུ་རུ་སིའི་མངའ་ཁོངས་ཀྱི་ས་ཁུལ་ཉི་ཤུ་ལྷག་ལ་ཕྱིར་འཚོང་བྱེད་པ་དང་། གསང་རྒྱ་ལྡན་པའི་གློག་རྡུལ་དངུལ་ལོར་གྱིས་ཉོ་ཚོང་བྱེད་པ་ཡིན་ལ། དུག་རྫས་ཉོ་ཚོང་གི་མ་ལག་ཆ་ཚང་ཞིག་གྲུབ་ཡོད། 

ཨུ་རུ་སིའི་ནང་སྲིད་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་བོ་ཨར་ཁི་ཡིས་བཤད་རྒྱུར། ཨུ་རུ་སིའི་ཉེན་རྟོག་ཕྱོགས་ཀྱིས་ཚོགས་ཁག་དེས་གཞི་རྒྱ་ཆེ་བའི་དུག་རྫས་ལྐོག་འཚོང་ལ་བཀག་འགོག་བྱས་ཏེ། དུག་རྫས་ཐོན་སྐྱེད་དང་ཕྱིར་འཚོང་གི་དྲ་བ་དེ་གཏོར་བཤིག་ཏུ་བཏང་ཡོད་ཟེར། 

ཉེ་སྔོན་ཚོགས་ཁག་དེའི་མགོ་བ་དང་དུག་རྫས་བཟོ་མཁན། ཕྱིར་འཚོང་མི་སྣ་བཅས་འདུས་པའི་མི་བཅོ་བརྒྱད་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་དང་། དུག་རྫས་བཟོ་བྱེད་ཀྱི་ཡོ་བྱད་དང་མ་བཅོས་རྒྱུ་ཆ་མང་བོ་རྩད་ཆོད་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།