ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ལཱའི་ཙུང་ཐུང་གིས་གྲོས་ཁང་གཏོར་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ལཱའི་ཙུང་ཐུང་ཞི་ལི་སེ་ནཱ་ཡིས་ཚེས་དགུ་ཉིན་གྱི་དགོང་མོར་སྤྱི་སྒྲོག་བཀོད་དེ། གྲོས་ཁང་གཏོར་རྒྱུ་ཁྱབ་སྒྲོག་བྱས་པ་དང་། སྤྱི་སྒྲོག་དེ་ཚེས་བཅུ་ཉིན་གྱི་ཞོགས་པ་ནས་བཟུང་ནུས་ལྡན་དུ་གྱུར་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། གྲོས་ཁང་གཏོར་རྗེས་སིང་ག་ལཱ་ཡིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་ལྔ་ཉིན་སྔ་སྣུར་སྒོས་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། ད་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་གྲོས་མིའི་འདེམ་སྒུག་མི་སྣའི་མིང་འདོན་རྒྱུ་ཡིན་ལ། གྲོས་ཁང་གི་གྲོས་ཚོགས་ཐེངས་རྗེས་མ་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་བཅུ་བདུན་ཉིན་སྤེལ་རྒྱུ་རེད། 

སིང་ག་ལཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏི་ཧྲ་ཕུའུ་ལི་ཡཱ་ཡིས་ཚེས་དགུའི་ཉིན་ས་དེའི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཆེས་མཐོའི་ཁྲིམས་ཁང་གི་ཆོག་མཆན་མ་ཐོབ་ན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་མི་རུང་ཟེར། 

ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། ཞི་ལི་སེ་ནཱ་ཡིས་མགོ་ཁྲིད་པའི་གཅིག་གྱུར་མི་དམངས་རང་དབང་མནའ་འབྲེལ་གྱིས་ཝེ་ཁི་ལེ་མཱ་ཞིན་ཧཱ་ཡིས་མགོ་ཁྲིད་པའི་གཅིག་གྱུར་རྒྱལ་དམངས་ཏང་དང་མཉམ་དུ་བཙུགས་པའི་མཉམ་འབྲེལ་སྲིད་གཞུང་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས། དེའི་རྗེས་སུ་ཞི་ལི་སེ་ནཱ་ཡིས་ཝེ་ཁིི་ལེ་མཱ་ཞིན་ཧཱ་ཡི་ཙུང་ལིའི་ལས་འགན་བླངས་པ་དང་། སྔོན་ཆད་ཀྱི་ཙུང་ཐུང་ལཱ་ཅཱ་ཕཱ་ཁི་སཱ་ཡིས་སྐབས་གསར་བའི་ཙུང་ལིའི་འགན་ཁུར་རྒྱུ་ཁྱབ་སྒྲོག་བྱས། 

ཝེ་ཁི་ལེ་མཱ་ཞིན་ཧཱ་ཡིས་ཐེངས་མང་བོར་བསྟན་དོན། ཙུང་ལིའི་ལས་འགན་བསྐྱུར་མི་སྲིད་པ་དང་། ཙུང་ལིའི་བརྗེ་སྤོར་དེ་ངེས་པར་དུ་གྲོས་ཁང་ནས་འདེམ་ཤོག་འཕེན་དགོས་ཟེར། ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན། ཞི་ལི་སེ་ནཱ་ཡིས་སྤྱི་སྒྲོག་སྤེལ་ཏེ་གྲོས་ཁང་གིས་གནས་སྐབས་སུ་ངལ་གསོ་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

སིང་ག་ལཱའི་རྩ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། ཙུང་ཐུང་གིས་བསྐོ་འཇོག་བྱས་པའི་ཙུང་ལིར་ངེས་པར་དུ་གྲོས་ཁང་གི་ཡིད་ཆེས་ཐོབ་དགོས་པ་དང་། གྲོས་ཁང་གི་གྲོས་མི་ཕྱེད་ཀའི་ཡན་གྱི་རྒྱབ་སྐྱོར་ཐོབ་དགོས་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།