ཀྲུང་གོ་བོད་ཀྱི་དྲ་བ།

མེ་ཏི་བེ་ཅེ་ཧྥུའུ་ཡིས་ཨུ་རུ་སི་ཡིས་ནུབ་ཕྱོགས་ཀྱི་བཀག་སྡོམ་ལ་མགོ་སྒུར་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་ཡིས་ཡོ་རོབ་གླིང་གསར་འགྱུར་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སི་ལ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་ཀྱིས་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བརླག་བྱས་ཀྱང་། ཨུ་རུ་སི་ཡིས་དེར་མགོ་སྒུར་མི་སྲིད་ཟེར། 

མེ་ཏི་བེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཡོ་རོབ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་སྟོབས་ཤུགས་རེ་འགས་ཨུ་རུ་སི་ལ་རྒོལ་བའི་འགུལ་སྐྱོད་ལ་བརྟེན་ནས་རྒྱལ་ནང་གི་ཆབ་སྲིད་དམིགས་འབེན་ལ་ཞབས་ཞུ་བྱེད་རྩིས་ཡོད་ཀྱང་། དེས་ཨུ་རུ་སིའི་ལངས་ཕྱོགས་ལ་ཤུགས་རྐྱེན་གཏན་ནས་བཟོ་མི་སྲིད་པ་ནི་མི་ཀུན་གྱིས་གསལ་བོར་རྟོགས་སྲིད་ཟེར། 

མེ་ཏི་བེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཨུ་རུ་སིའི་དངུལ་ཁང་ལས་རིགས་ལ་བཀག་སྡོམ་བྱེད་ཐབས་སྤྱད་པ་དེ་ནི་ཉོ་ཚོང་གི་འཐབ་འཁྲུག་བསླངས་པ་དང་གཅིག་འདྲ་ཡིན་ཡང་། ཨུ་རུ་སི་ཡིས་གནོན་ཤུགས་དེ་རིགས་ཁྱད་དུ་གསོད་ཐུབ་པ་དང་། ང་ཚོའི་དཔལ་འབྱོར་གྱིས་རྣམ་པ་གང་རུང་གི་གནོན་ཤུགས་ཐག་གཅོད་བྱེད་ཐུབ། གནད་དོན་ཉག་ཅིག་ཡོད་པ་ནི་ཅི་ཞིག་ལ་མི་ལ་ལས་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་དངང་བཅས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བརླག་བཏང་བ་དེ་རེད། 

མེ་ཏི་བེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱས་པའི་གནད་དོན་ཐད་ཀྱི་ཆོད་དོན་དེ་ནི་བསམ་བློ་མ་བཏང་བའི་བྱ་སྤྱོད་ཅིག་ཡིན་པ་དང་། ཨུ་རུ་སི་དང་ཡོ་རོབ་གླིང་གི་འབྲེལ་བ་དཀའ་སྡུག་གི་དུས་སྐབས་བརྒྱུད་བཞིན་ཡོད། བཀག་སྡོམ་དེས་ཡོ་རོབ་གླིང་མནའ་འབྲེལ་ལ་ཐེབས་པའི་ཤུགས་རྐྱེན་དེ་ཨུ་རུ་སིར་ཐེབས་པའི་ཤུགས་རྐྱེན་ལས་ཆེ་བ་དང་། ཡོ་རོབ་གླིང་མནའ་འབྲེལ་ལའང་དེའི་རྐྱེན་གྱིས་བྱ་བའི་ལས་གནས་དང་ཁེ་སྤོགས་མང་བོ་ཤོར་ཡོད་པར་མ་ཟད། ཐ་ན་ཚོང་རའི་ཡིད་ཆེས་ཀྱང་ཉམས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།