ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཉིག་ཡོ་ཀྲིག་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཉིག་ཡོ་ཀྲིག་ཉེན་རྟོག་ཕྱོགས་ཀྱིས་ཚེས་བདུན་ཉིན་བདེན་དཔང་བྱས་དོན། ཀྲིག་དེ་ནས་ཚེས་དྲུག་ཉིན་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་ཉི་ཤུ་རྐྱེན་ལམ་དུ་ཤོར་ཟེར། 

ཉིག་ཡོ་ཀྲིག་ཉེན་རྟོག་ཕྱོགས་ཀྱིས་ཚེས་བདུན་ཉིན་གྱི་ཕྱི་དྲོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འགྲིམ་འགྲུལ་དོན་རྐྱེན་དེ་ཚེས་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ཡས་མས་སུ་བྱུང་བ་དང་། རླངས་འཁོར་ཞིག་ཉིག་ཡོ་ཀྲིག་སི་ཁི་ཧཱ་ལི་རྫོང་གི་གཞུང་ལམ་སྟེང་བགྲོད་སྐབས་ལམ་སྣེ་ཞིག་ནས་བུད་དེ་རླངས་འཁོར་འཇོག་སར་བཞག་ཡོད་པའི་མི་མེད་པའི་རླངས་འཁོར་ཞིག་ལ་ཐོ་བརྒྱབ་རྗེས་ལམ་འགྲོ་བ་དག་ལ་ཐོ་བརྒྱབ་པ་རེད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། འགྲིམ་འགྲུལ་དོན་རྐྱེན་དེ་ལས་རླངས་འཁོར་དེའི་སྟེང་གི་མི་བཅོ་བརྒྱད་པོ་ཚང་མ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ལམ་འགྲོ་བ་གཉིས་རྐྱེན་ལམ་དུ་ཤོར། འབྲེལ་ཡོད་སྡེ་ཁག་གིས་འདས་པོའི་ཁྱིམ་མིར་འབྲེལ་གཏུག་བྱས་པ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱལ་ཁབ་སྐྱེལ་འདྲེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་ཚེས་བདུན་ཉིན་དོན་རྐྱེན་བྱུང་སར་འབྱོར་ནས་རོགས་ལས་རྟོག་ཞིབ་བྱས། ཨུ་ཡོན་ལྷན་ཁང་དེའི་ཀྲུའུ་ཞི་སཱ་མུའུ་བོ་ཐི་ཡིས་བཤད་རྒྱུར། དེ་ནི་ཉིས་སྟོང་དགུ་ལོའི་ཟླ་གཉིས་པའི་ཚུན་ལ། ཨ་མེ་རི་ཁ་ནས་བྱུང་བའི་འདས་པོའི་ཁ་གྲངས་ཆེས་མང་བའི་འགྲིམ་འགྲུལ་དོན་རྐྱེན་ཞིག་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།