ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་བསྐོས་ཕོ་ཉས་སི་རི་ཡའི་ཕྱོགས་སོ་སོས་བྱེད་ཐབས་སྤྱད་ནས་དམག་དོན་འཁྲུག་རྩོད་ཚབས་ཇེ་ཆེར་འགྲོ་རུ་འཇུག་མི་རུང་བའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡའི་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཏི་མུས་སི་ཐུའུ་ལཱ་ཡིས་ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་རི་ནེ་ཝ་ནས་ཕྱོགས་སོ་སོས་རང་ཚོད་བཟུང་སྟེ། སི་རི་ཡའི་དབྱི་ཏི་ལེ་པུའུ་ཞིང་ཆེན་གྱི་དམག་དོན་འཁྲུག་རྩོད་ཚབས་ཇེ་ཆེར་འགྲོ་བར་བཀག་འགོག་བྱེད་དགོས་པ་དང་མཉམ་དུ། མིག་སྔར་ས་དེ་ན་ལུས་ཡོད་པའི་མི་སེར་རྣམས་བདེ་འཇགས་ཀྱིས་ཕྱིར་འཐེན་བྱེད་པར་མི་ཆོས་རིང་ལུགས་ཀྱི་བགྲོད་ལམ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཏི་མུས་སི་ཐུའུ་ལཱ་ཡིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་དམག་འཁྲུག་གསར་པ་ཞིག་འབྱུང་རྒྱུ་རེད་ཅེས་ཁ་ཚོན་གཅོད་དཀའ་ནའང་། འབྲེལ་ཡོད་ཕྱོགས་སོ་སོས་ཉེ་སྔོན་སྟོབས་ཤུགས་བསྡུ་རུབ་བྱེད་པའི་འཇིགས་སྣང་རང་བཞིན་གྱི་གཏམ་སྦྱོར་ལས། དམག་འཁྲུག་གི་རླུང་འཚུབ་ཅིག་གཡུག་ཉེན་ཆེ་བ་བསྟན་ཡོད་པས། དབྱི་ཏི་ལེ་པུའུ་ས་ཁུལ་གྱི་གནས་བབ་ལ་སེམས་ཁུར་ཧ་ཅང་ཆེ་ཟེར།

ཏི་མུས་སི་ཐུའུ་ལཱ་ཡིས་བཤད་རྒྱུར། མིག་སྔར་དབྱི་ཏི་ལེ་པུའུ་ས་ཁུལ་དུ་བསྡུ་རུབ་བྱས་ཡོད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཇིགས་སྐུལ་རྩ་འཛུགས་རྩ་འཛུགས་ཀྱི་ཁོངས་མི་ཡིན་པར་གཏན་ཁེལ་བྱས་པ་དང་དེ་དག་གི་ཁྱིམ་མི་བསྡོམས་པས་ཁྲི་གཅིག་ཙམ་ཡོད་ལ། ས་ཁུལ་དེ་རུ་ལུས་ཡོད་པའི་མི་སེར་ས་ཡ་གཉིས་དང་འབུམ་དགུ་ཡོད། མི་སེར་དེ་དག་གི་ཁྲོད་དུ་མི་ས་ཡ་གཉིས་དང་འབུམ་གཅིག་ཙམ་མྱུར་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་མཁོ་བའི་གནས་སུ་ལྷུང་ཡོད་ལ། མི་ས་ཡ་གཅིག་དང་འབུམ་བཞི་ཙམ་གྱིས་ཉུང་མཐར་ཡང་ཐེངས་གཅིག་ལ་ཁྱིམ་གཞིས་དང་བྲལ་བའི་དཀའ་སྡུག་མྱངས་མྱོང་ཟེར།

ཁོས་བསྟན་དོན། ལོ་བདུན་འགོར་རྗེས་མི་མང་པོས་སི་རི་ཡའི་འཁྲུག་རྩོད་ཕལ་ཆེར་མཇུག་རྫོགས་ལ་ཉེ་བར་འདོད་ཡོད་ལ། གལ་ཏེ་ཡང་བསྐྱར་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་བྱུང་བར་མ་ཟད་མི་སེར་མང་པོ་ཤི་རྨས་བཟོས་ཚེ། དེ་ནི་ཧ་ཅང་སྐྱོ་བའི་གནས་ཚུལ་ཞིག་རེད་ཟེར།

དབྱི་ཏི་ལེ་པུའུ་ཞིང་ཆེན་ནི་སི་རི་ཡའི་ནུབ་བྱང་ཕྱོགས་སུ་ཡོད་ལ། མིག་སྔར་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་སྟོབས་ཤུགས་དང་ཐལ་སྤྱོད་རྩ་འཛུགས་ཀྱིས་བཟུང་ཡོད། ཉེ་སྔོན། ས་ཁུལ་དེ་རུ་སི་རི་ཡའི་སྲིད་གཞུང་གིས་དཔུང་རྒོལ་བྱེད་སྐབས་རྫས་འགྱུར་མཚོན་ཆ་བཀོལ་པའི་གནས་ཚུལ་ཞིག་གྲགས་རྗེས། ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི་སོགས་རྒྱལ་ཁབ་ཀྱིས་གལ་ཏེ་གནས་ཚུལ་དེ་བདེན་ན་འཕྲལ་བསྟུན་གྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཞེས་བཤད། སི་རི་ཡའི་སྲིད་གཞུང་གིས་དེ་ནི་འཇིགས་སྐུལ་རིང་ལུགས་ཀྱི་དྲག་ཆས་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཅིག་རེད་ཅེས་སྐྱོན་བརྗོད་བྱས་པ་དང་། ཨུ་རུ་སི་ཕྱོགས་ཀྱིས་ཀྱང་ནུབ་ཕྱོགས་རྒྱལ་ཁབ་དེ་དག་གིས་དམག་དོན་རྒོལ་རྡུང་བྱེད་པར་ཁ་གཡོར་ས་བཙལ་བ་རེད་ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།