ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཙུང་ཐུང་གིས་ཧན་གོ་དང་ཁྲའོ་ཞན་བར་གྱི་ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་བཅོ་ལྔ་ཉིན་ཧན་གོའི་རྗེས་དྲན་བྱ་འགུལ་ཞིག་གི་སྟེང་གཏམ་བཤད་སྤེལ་ཏེ། ་ཧན་གོ་དང་ཁྲའོ་ཞན་བར་གྱི་ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་གཏོང་རྒྱུ་མ་ཟད། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་ཞི་བདེ་མངོན་འགྱུར་བྱུང་རྗེས་ཧན་གོ་དང་ཁྲའོ་ཞན་གྱི་དཔལ་འབྱོར་མཉམ་ལས་དངོས་སུ་སྤེལ་རྒྱུ་ཡིན་ཟེར། 

ཝུན་ཙེ་ཡུན་གྱིས་བཤད་རྒྱུར། ཕྱེད་གླིང་གི་ཆབ་སྲིད་ཐད་ཀྱི་གཅིག་གྱུར་ལ་དུས་ཡུན་རིང་བོ་ཞིག་དགོས་ཀྱང་། ལྷོ་བྱང་གི་ཡུན་རིང་ཞི་བདེ་དང་རང་དབང་འགྲོ་འོང་མངོན་འགྱུར་བྱས་ཏེ། དཔལ་འབྱོར་ཐུན་མོང་ཚོགས་པ་བཙུགས་ན། ད་གཟོད་ཁ་བྲལ་ལས་བཟོས་པའི་བཀག་རྒྱ་སེལ་ཐུབ་ཟེར། 
ཁོས་ཟླ་དགུ་བར་ཕེན་རང་ནས་སྤེལ་རྒྱུའི་འཆར་གཞི་ཡོད་པའི་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་གླེང་བ་དང་། ཧན་གོ་དང་ཁྲའོ་ཞན་བར་གྱི་ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་འཐབ་འཁྲུག་མཚམས་འཇོག་པའི་བསྒྲགས་གཏམ་སྤེལ་བ། ཞི་བདེའི་གྲོས་ཆོད་འགོད་པ་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཁས་ལེན་བྱས། ཁོས་བཤད་རྒྱུར། ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བའི་འཕེལ་རྒྱས་ནི་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་ཞི་འཇགས་སུ་གཏོང་བའི་ཕན་འབྲས་མ་ཡིན་པར་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཡིན་ཟེར། 
ཝུན་ཙེ་ཡུན་གྱིས་ད་རུང་བསྟན་དོན། ཁྲའོ་ཞན་དང་ཨ་མེ་རི་ཁའི་བར་གྱི་གྲོས་མོལ་ལ་ཧུར་ཐག་སྒོས་བར་འདུམ་བྱས་ཏེ། ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་དམ་བཅའ་དངོས་འབེབ་བྱེད་པ་དང་ཨ་མེ་རི་ཁ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་ལག་བསྟར་བྱེད་པར་ཡར་སྐུལ་གཏང་དགོས། 
ཝུན་ཙེ་ཡུན་གྱིས་གཏམ་བཤད་སྤེལ་སྐབས་དཔལ་འབྱོར་མཉམ་ལས་སླར་གསོ་དང་འཕེལ་རྒྱས་སུ་གཏོང་བ་དེ་ཧན་གོ་དང་ཁྲའོ་ཞན་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་པ་ནན་བཤད་བྱས་ཀྱང་། ཁོས་ཞོར་དུ་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པ་མངོན་འགྱུར་བྱུང་ནས་ཞི་བདེའི་རྣམ་པ་ཆགས་རྗེས་ད་གཟོད་ལྷོ་བྱང་གི་དཔལ་འབྱོར་མཉམ་ལས་དངོས་སུ་སྤེལ་ཆོག་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།