ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉས་ཕྱོགས་སོ་སོས་ལི་པུ་ཡཱ་ནས་མུ་མཐུད་དུ་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི་སཱ་ལཱ་མུའུ་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། སི་རི་ཡཱ་ཡིས་ཆབ་སྲིད་དང་མི་ཆོས་རིང་ལུགས་ཐད་ནས་མི་སེམས་འགུལ་བའི་སྣང་ཚུལ་བྱུང་ཡོད་ཀྱང་། ཕྱོགས་སོ་སོས་མུ་མཐུད་དུ་འབད་བརྩོན་བྱེད་དགོས་ཟེར།

སཱ་ལཱ་མུའུ་ཡིས་ཉིན་དེར་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལི་ནས་བརྙན་རིས་བརྒྱུད་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ལི་པུ་ཡཱའི་གནས་བབ་དང་། ན་ནིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུ་བྱས། ཁོས་བཤད་རྒྱུར། ད་ལོའི་སྔོན་གྱི་ཟླ་ངོ་འགའི་རིང་། ལི་པུ་ཡཱའི་དམག་དོན་འགུལ་སྐྱོད་དེ་ཅུང་ཞི་འཇགས་ཀྱི་རྣམ་པར་གནས་ཡོད། ལི་པུ་ཡཱའི་ས་ཁུལ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་འོག་ས་གནས་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ཏི་ལེ་པའོ་ལི་དང་པན་ཅཱ་ཞི་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་བསྐྱར་འཛུགས་བྱས་ཏེ་གྲོས་མོལ་འཕེལ་རིམ་སླར་གསོ་བྱས་ཡོད་ཟེར།

སཱ་ལཱ་མུའུ་ཡིས་བཤད་རྒྱུར། བརྒྱུད་རིམ་དེ་ནི་འགུལ་སྐྱོད་འཆར་གཞིའི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན། དེས་ལི་པུ་ཡཱའི་མི་དམངས་དག་ཆབ་སྲིད་འཕེལ་རིམ་གྱི་དཀྱིལ་སྙིང་དུ་བཟུང་ཡོད། དེ་ནི་ཁོ་ཚོ་ཐོག་དང་པོར་ཆབ་སྲིད་འཕེལ་རིམ་དང་གྲོས་མོལ་ནང་ཞུགས་པ་རེད་ཟེར།

སཱ་ལཱ་མུའུ་ཡིས་ནན་གྱིས་བསྟན་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་དང་ལི་པུ་ཡཱའི་ཆབ་སྲིད་འཕེལ་རིམ་ནང་ཞུགས་པའི་རྒྱལ་ཁབ་དང་ས་ཁོངས་རྩ་འཛུགས་ཀྱི་ཐུན་མོང་རྒྱབ་སྐྱོར་དེ་ལི་པུ་ཡཱ་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།