ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ནས་སྣུམ་འདྲུད་རླངས་འཁོར་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ་ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ནུབ་ཕྱོགས་ཀྱི་ཁུའུ་ཨར་ཏི་སི་ཐན་ཞིང་ཆེན་དུ་ཚེས་བཅུ་གཅིག་ཉིན་སྣུམ་འདྲུད་རླངས་འཁོར་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ཚེས་བཅུ་གཅིག་ཉིན་གྱི་ཞོགས་པར་བྱུང་བ་དང་། དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ཁུའུ་ཨར་ཏི་སི་ཐན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་སཱ་ནན་ཏཱ་ཅི་རྒྱང་བཞུད་རླངས་འཁོར་ས་ཚིགས་ནས་སྒོར་བུད་རྗེས་ལམ་འགྲམ་དུ་འགྲུལ་བ་རེ་འགའ་ཡོད་པས། འགྲུལ་སྐྱེལ་རླངས་འཁོར་ལམ་འགྲམ་དུ་བསྡད་མ་ཐག རྗེས་སུ་མྱུར་མོར་བགྲོད་པའི་སྣུམ་འདྲུད་རླངས་འཁོར་ཞིག་གིས་གློ་བུར་དུ་འགྲུལ་སྐྱེལ་རླངས་འཁོར་ལ་ཐོ་བརྒྱབ། ཐོ་བརྒྱབ་པ་ཤུགས་ཆེ་བས་རླངས་འཁོར་གཉི་ག་མེར་འབར་བར་མ་ཟད། ཉེ་འཁོར་གྱི་རླངས་འཁོར་གཞན་པ་གསུམ་ཡང་མེར་འབར་བ་རེད།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ལས་འགྲུལ་བ་བཅུ་གཉིས་དང་སྣུམ་འདྲུད་རླངས་འཁོར་གྱི་ཁ་ལོ་བ་དང་བཅས་པའི་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་རེད།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།