ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་དབུལ་ཕོངས་སེལ་བའི་གྲོགས་པོའི་ཞིབ་བསྡུར་ཚོགས་འདུ་རོ་མཱ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2018ལོའི་འཛམ་གླིང་ཡོངས་ཀྱི་དབུལ་ཕོངས་སེལ་བའི་གྲོགས་པོའི་ཞིབ་བསྡུར་ཚོགས་འདུ་ཚེས5ཉིན་དབྱི་ཐཱ་ལེའི་རོ་མཱ་རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་སྤྱི་ཁྱབ་པུའུ་ནས་སྤེལ། ཚོགས་འདུར་ཞུགས་མཁན་དག་གིས་གྲོགས་པོའི་འབྲེལ་བ་དང་ཤེས་བྱའི་མཉམ་སྤྱོད་ལ་ཡར་སྐུལ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ལ་སྐུལ་འདེད་གཏོང་ཞེས་པའི་བརྗོད་སྙིང་དེར་དམིགས་ནས། རྒྱལ་ཁབ་སོ་སོའི་དབུལ་སྐྱོར་ཐད་ཀྱི་ཉམས་མྱོང་བཟང་བོ་མཉམ་སྤྱོད་བྱས་པ་དང་། དབུལ་སེལ་གྲོགས་པོའི་འབྲེལ་བར་ཡར་སྐུལ་གཏོང་བ་དང་དབུལ་སེལ་ཤེས་བྱའི་བརྗེ་རེས་མཉམ་སྤྱོད་ལ་ཤུགས་སྣོན་པ་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས།

ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཨིག་ཆིན་ཕེན་གྱིས་ཞིབ་བསྡུར་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ་བཤད་རྒྱུར། ལོ་ལྔ་ལྷག་ལ་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོས་དབུལ་ཐར་མཁྲེགས་གཏོར་ཐད་ནས་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་ཅིང་། དབུལ་ཕོངས་མི་གྲངས་དེ་ཉིས་སྟོང་བཅུ་གཉིས་ལོའི་མི་བྱེ་བ་དགུ་དང་ས་ཡ་བརྒྱད་འབུམ་དགུ་ཁྲི་དགུ་ནས་ཉིས་སྟོང་བཅུ་བདུན་ལོར་མི་བྱེ་བ་གསུམ་དང་འབུམ་བཞི་ཁྲི་དྲུག་ལ་ཇེ་ཉུང་དུ་བཏང་ཡོད་པ་དང་། དབུལ་ཕོངས་སུ་འགྱུར་ཚད་བརྒྱ་ཆའི་བཅུ་ལྷག་ནས་བརྒྱ་ཆའི་གསུམ་དུ་ཇེ་དམར་སོང་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་རིང་ལ། ཀྲུང་གོའི་མི་དུང་ཕྱུར་བདུན་ལྷག་དབུལ་ཕོངས་ལས་ཐར་ནས། མིའི་རིགས་ཀྱི་དབུལ་སེལ་ལོ་རྒྱུས་སྟེང་གི་ངོ་མཚར་བའི་སྣང་ཚུལ་ཞིག་ཏུ་གྱུར་ཡོད།

ཨིག་ཆིན་ཕེན་གྱིས་བཤད་རྒྱུར། ཀྲུང་གོས་མུ་མཐུད་དུ་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་བརྗེ་རེས་དང་སློབ་སྦྱོང་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་གླིང་། ལཱ་ཏེན་མཱེ་གླིང་གི་རྒྱལ་ཁབ་དག་དང་། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་དང་རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་ཚོགས་པ། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་སོགས་རྒྱལ་སྤྱིའི་རྩ་འཛུགས་བར་བརྗེ་རེས་མཉམ་ལས་མང་སུ་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་དབུལ་སེལ་ལས་དོན་ཐད་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་དབུལ་སེལ་འཆར་གཞིའི་དོ་དམ་རུ་ཁག་གི་འཐབ་ཇུས་འཆར་འགོད་ཀྱི་ཀྲུའུ་རིན་ཏའེ་ཝེ་སི་ཡིས་ཞུ་ཚིག་ཕུལ་ཏེ། འཛམ་གླིང་ཡོངས་སུ་མི་དུང་ཕྱུར་བདུན་དང་བྱེ་བ་བརྒྱད་ས་ཡ་གསུམ་ལྷག་སྔར་བཞིན་དབུལ་ཕོངས་ཀྱི་གནས་སུ་ལྷུང་ཡོད་པ་དང་། ཉིས་སྟོང་བཅུ་དྲུག་ལོར། འཛམ་གླིང་ཡོངས་སུ་མི་དུང་ཕྱུར་བརྒྱད་དང་བྱེ་བ་གཅིག་ས་ཡ་ལྔར་ལྟོགས་སྐོམ་གྱི་འཇིགས་ཉེན་ཐེབས་ཡོད། དབུལ་ཕོངས་དང་ལྟོགས་སྐོམ་སེལ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཧ་ཅང་ཆེ་ཟེར། ཁོས་བཤད་རྒྱུར། འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་དབུལ་སྐྱོར་ལྟེ་གནས་བར་གྱི་མཉམ་ལས་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་དབུལ་སེལ་ཉམས་མྱོང་མཉམ་སྤྱོད་བྱེད་དགོས་ཟེར།

འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་འཐབ་ཇུས་མཐུན་སྦྱོར་དང་རྒྱབ་སྐྱོར་ཟི་ཡི་ཟི་ཀྲང་སཱ་མུའུ་ཁན་ཀི་ཡིས་རྒྱལ་ཁབ་སོ་སོས་རང་རང་གི་གནས་ཚུལ་ལ་གཞིགས་ཏེ་དབུལ་སེལ་དང་ལྟོགས་སྐོམ་སེལ་བའི་འཐབ་ཇུས་གཏན་འབེབས་བྱེད་དགོས་པར་མ་ཟད། ཕན་ཚུན་ལ་སློབ་སྦྱོང་བྱེད་པ་དང་མཉམ་ལས་སྤེལ་བར་དོ་སྣང་བྱེད་དགོས་པའི་གྲོས་གཞི་བཏོན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།