ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་རྒྱལ་སྤྱིའི་མནའ་འབྲེལ་གྱིས་སི་རི་ཡཱ་ནས་བར་སྣང་འཇབ་རྒོལ་བྱས་ཏེ་མི་སེར་དཀྱུས་མ་ཉེར་གཉིས་རྐྱེན་ལམ་དུ་ཤོར་བར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་ལྔ་ཉིནམཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལ་འཕྲིན་ཡིག་བཏང་སྟེ། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་སི་རི་ཡཱའི་མི་སེར་དཀྱུས་མར་འཇབ་རྒོལ་བྱས་ཏེ་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། སི་རི་ཡཱའི་ཕྱོགས་ཀྱིས་རྒྱལ་སྤྱིའི་མནའ་འབྲེལ་གྱིས་སི་རི་ཡཱའི་དམར་གསོད་བྱ་སྤྱོད་མཚམས་འཇོག་དགོས་པའི་རེ་བ་བཏོན།

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་འཕྲིན་ཡིག་ནང་བཤད་རྒྱུར། རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉེ་སྔོན་ཧཱ་སེ་ཁི་ཞིང་ཆེན་དང་ལཱ་ཁཱ་ཞིང་ཆེན། ཏའེ་ཨར་ཙུའུ་ཨར་ཞིང་ཆེན་བཅས་ཀྱི་གྲོང་སྡེ་མང་བོར་འཇབ་རྒོལ་བྱས་ཏེ། ཉེས་མེད་ཀྱི་སི་རི་ཡཱའི་མི་མང་བོ་རྐྱེན་ལམ་དུ་ཤོར། དེའི་ནང་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཟླ་འདིའི་ཚེས་གཉིས་ཉིན་ནས་ཚེས་བཞིའི་ཉིན་བར་ཧཱ་སེ་ཁི་ཞིང་ཆེན་གྱི་ས་ཁུལ་མང་བོར་བསྟུད་མར་བར་སྣང་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། སྡོད་དམངས་ཀྱི་རྒྱུ་ནོར་དང་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་ཡོད་ཟེར།

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ད་རུང་ཨ་མེ་རི་ཁས་སི་རི་ཡཱ་ནས་ཁ་བྲལ་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་པར་སྐྱོན་འཛུགས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།