ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་དཔོན་པོས་ཡོ་རོབ་གླིང་མནའ་འབྲེལ་གྱི་ལམ་ལུགས་དང་སྲིད་ཇུས་བཅོས་བསྒྱུར་སྣ་ཚོགས་ལ་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་སློབ་ཆེན་གྱིས་གཙོ་སྒྲུབ་བྱས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ད་ལྟའི་གནས་བབ་ཐད་ཀྱི་ཞིབ་བསྡུར་ཚོགས་འདུ་དེ་ཚེས་བཅུ་ཉིན་ནས་ཚེ་བཅུ་གཉིས་ཉིན་བར་དབྱི་ཐཱ་ལེའི་ཧྥོ་ལོ་ལོན་སཱ་གྲོང་ཁྱེར་ནས་སྤེལ། ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་དཔོན་པོ་མང་པོས་ཚེས་བཅུ་གཅིག་ཉིན་གྱི་གྲོས་ཚོགས་སྟེང་དུ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་རྒྱལ་སྲུང་། ནོར་སྲིད། དངུལ་ལོར་སྲིད་ཇུས། ལམ་ལུགས་སོགས་ཀྱི་བཅོས་བསྒྱུར་ལ་མྱུར་མོར་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་ཐཱ་ཡཱ་ནེ་ཡིས་ཚེས་བཅུ་གཅིག་ཉིན་གྱི་གྲོས་ཚོགས་ཀྱི་གཏམ་བཤད་གཙོ་བོའི་ཁྲོད་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་སྲུང་དང་མཐའ་མཚམས་ཚོད་འཛིན། གནས་སྤོར་སྡོད་དམངས་སྲིད་ཇུས་ཀྱི་བཅོས་བསྒྱུར་གླེང་ཡོད་པ་དང་། ཐཱ་ཡཱ་ནེ་ཡིས་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་རྟོག་ཞིབ་ཅུའུ་དང་འདྲ་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་རྟོག་ཞིབ་ཅུའུ་ཞིག་བཙུགས་ཏེ། རྒྱལ་ཁབ་སོ་སོའི་རྟོག་ཞིབ་ལས་ཁུངས་བར་ཕན་ནུས་ལྡན་པའི་བརྡ་འཕྲིན་བརྗེ་རེས་ནང་རྐྱེན་བཙུགས་ནས་ཡོ་རོབ་གླིང་གི་སྤྱི་དམངས་བདེ་འཇགས་གནས་ཚུལ་ལེགས་བཅོས་བྱེད་དགོས་པའི་གྲོས་གཞི་བཏོན།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་ཐབས་ཇུས་རྐྱེན་སྲོལ་བཅོས་བསྒྱུར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཕན་ནུས་ལྡན་པའི་རྐྱེན་སྲོལ་ལག་བསྟར་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་ཐབས་ཇུས་ལ་གྲོས་མཐུན་འགོད་དགོས་པའི་གྲོས་གཞི་བཏོན།

ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གི་མགོ་བ་ཏི་ལཱ་ཅི་ཡིས་ཀྱིང་ཚོགས་ཐོག་ནས་ཡོ་རོབ་གླིང་དངུལ་ཁང་མནའ་འབྲེལ་དང་དངུལ་ལོར་མནའ་འབྲེལ་གྱི་འཛུགས་སྐྲུན་ལ་ཡར་སྐུལ་བཏང་སྟེ། གང་མགྱོགས་སྒོས་ནོར་སྲིད་ཡོ་བྱད་ཅིག་ལ་ཆོག་མཆན་བཀོད་དེ་ཡོ་སྒོར་ས་ཁུལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཉམས་ཉེན་ཐག་གཅོད་བྱེད་པར་རོགས་རམ་བྱེད་དགོས་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཞིབ་བསྡུར་ཚོགས་འདུའི་བརྗོད་སྙིང་ནི་ཡོ་རོབ་གླིང་གི་མཐུན་སྒྲིལ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་དང་ཁོངས་གཏོགས་རྒྱལ་ཁབ་ཁག་ཅིག་གི་དཔོན་རིགས་དང་། ཆེད་མཁས་པ། གསར་འགྱུར་ལས་རིགས་ཀྱི་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།