ཐི་ལིང་ཕུའུ་ཡིས་ཧན་གོ་དང་འཇར་པན་གྱི་མགོ་ཁྲིད་པར་ཁ་པར་བཏང་སྟེ་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཐད་ནས་གྲོས་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་སོ་སོར་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གཉིས་ལ་ཁ་པར་བཏང་སྟེ། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་གསར་བའི་ཐད་ནས་གྲོས་བསྡུར་བྱས།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐི་ལིང་ཕུའུ་དང་ཝུན་ཙེ་ཡུན་གྱིས་ཚེས་ཉེར་བདུན་ཉིན་ཝུན་ཙེ་ཡུན་གྱིས་ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱས་པའི་གནད་དོན་ལ་གྲོས་བསྡུར་བྱས། ཐི་ལིང་ཕུའུ་ཡིས་ཝུན་ཙེ་ཡུན་ལ་ཁ་པར་གཏོང་སྐབས་བསྟན་དོན། ཁྲའོ་ཞན་གྱི་མ་འོངས་པའི་ཞི་བདེ་དང་དར་རྒྱས་དེ་ཉིང་རྡུལ་ནུས་པ་བསྐྱུར་མིན་ལ་འབྲེལ་བ་ཡོད་ཟེར།

ཕོ་བྲང་དཀར་པོས་ཉིན་དེར་གསལ་སྒྲོག་གཞན་ཞིག་ཏུ་བཤད་རྒྱུར། ཨ་མེ་རི་ཁ་དང་འཇར་པན་གྱི་མགོ་ཁྲིད་པས་བལྟས་ན། ཁྲའོ་ཞན་གྱིས་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་དང་འཕུར་མདའི་ལས་གཞི་ཚང་མ་བསྐྱུར་དགོས་པར་འདོད་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་ཉིན་དེའི་སྔ་དྲོར་དྲ་ཐོག་ནས་བསྟན་དོན། མིག་སྔའི་གནས་བབ་ཧ་ཅང་བདེ་བླག་ཡིན་པ་དང་། ཁོ་དང་ཅིན་ཀྲིན་ཨིན་གཉིས་ཀྱི་གྲོས་མོལ་དུས་ཚོད་དང་ས་གནས་ལ་གྲོས་བསྡུར་བྱེད་བཞིན་པའི་སྒང་ཡིན་ཟེར། ཐི་ལིང་ཕུའུ་ཡིས་དེའི་སྔོན་བསྟན་དོན། ཁོ་དང་ཅིན་ཀྲིན་ཨིན་གྱིས་ཟླ་ལྔ་བའང་ཟླ་དྲུག་པའི་ཟླ་མགོར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།