ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོས་ཐུག་འཕྲད་བྱས་ཏེ་པན་མེན་ཏེན་བསྒྲགས་གཏམ་སྟེང་མིང་བཀོད་པ་དང་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་དམིགས་འབེན་གཏན་ཁེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་དང་ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གཉིས་ཀྱིས་ཚེས་ཉེར་བདུན་ཉིན་པན་མིན་ཏེན་ནས་ཐུག་འཕྲད་བྱས་པ་མ་ཟད་པན་མིན་ཏེན་བསྒྲགས་གཏམ་སྟེང་མིང་བཀོད་དེ། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་དམག་འཁྲུག་མཚམས་འཇོག་པའི་ཆོད་དོན་དེ་ཞི་བདེའི་ཆོད་དོན་དུ་བསྒྱུར་བའི་ཐད་ནས་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བསྒྲགས།

ཧྲིག་ཨར་གྱི་དུས་ཚོད་བཅོ་བརྒྱད་ཡས་མས་སུ། པན་མིན་ཏེན་གྱི་ཧན་གོའི་ཕྱོགས་ཀྱི་ཞི་བདེའི་གཞིས་ཁྱིམ་ཞེས་པ་ནས་ཝུན་ཙེ་དབྱིན་དང་ཅིན་ཀྲིན་ཨིན་གྱིས་གྲོས་མོལ་བྱས་ཚར་རྗེས་ཕྱེད་གླིང་གི་ཞི་བདེ་དང་དར་རྒྱས། གཅིག་གྱུར་བཅས་མངོན་འགྱུར་བྱེད་པའི་པན་མིན་ཏེན་བསྒྲགས་གཏམ་ཞེས་པའི་སྟེང་མིང་བཀོད། ཁོ་གཉིས་ཀྱིས་མིང་འགོད་པའི་སྒྲོག་ཙེའི་མདུན་ནས་གདོང་ལ་འཛུམ་གྱིས་ཁེངས་ཏེ་རྟེན་འབྲེལ་ཞུས་པ་དང་། ཞི་བདེའི་གཞིས་ཁྱིམ་ནང་དུ་དགའ་སྤྲོའི་དགོད་སྒྲས་ཁྱབ།

ཝུན་ཙེ་དབྱིན་གྱིས་བཤད་རྒྱུར། ཕྱེད་གླིང་དུ་ད་ནས་བཟུང་དམག་འཁྲུག་ཡོད་མི་སྲིད་པ་དང་། ཞི་བདེའི་ལོ་རྒྱུས་གསར་པ་ཞིག་གི་མགོ་བརྩམས་པ་ཡིན་ཟེར། ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། མི་རིགས་ཧྲིལ་པོ་ལ་དམག་འཁྲུག་མེད་པའི་རྒྱལ་ཁམས་ནས་བདེ་སྐྱིད་དར་རྒྱས་ཀྱི་དུས་རབས་གསར་པའི་སྒོ་འཕར་ཕྱེས་པའི་ཆེད་དུ། ཁོ་དང་ཝུན་ཙེ་དབྱིན་གཉིས་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་སེམས་སུ་བཅངས་ནས་ཐུན་མོང་གི་ལྟ་བ་བཀོད་པ་ཡིན་ཟེར།

བསྒྲགས་གཏམ་ནང་དུ་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་ཐུན་མོང་གི་དམིགས་འབེན་གཏན་ཁེལ་བྱས་ཡོད། ཕྱོགས་གཉིས་ཀྱིས་བསྒྲགས་རྒྱུར། ལོ་འདིའི་ནང་དུ་ཁྲའོ་ཞན་གྱི་དམག་འཁྲུག་མཚམས་འཇོག་པའི་ཆོད་དོན་དེ་ཞི་བདེའི་ཆོད་དོན་དུ་བསྒྱུར་བ་དང་། དུས་གཏན་དུ་སྲ་བརྟན་ཡིན་པའི་ཞི་བདེའི་རྐྱེན་སྲོལ་འཛུགས་པའི་ཆེད་དུ། ཧན་གོ་དང་ཁྲའོ་ཞན། ཨ་མེ་རི་ཁ་གསུམ་གྱི་གྲོས་མོལ་དང་ཡང་ན་ཧན་གོ་དང་ཁྲའོ་ཞན། ཨ་མེ་རི་ཁ་བཅས་ཕྱོགས་བཞིའི་གྲོས་མོལ་ལ་སྐུལ་འདེད་གང་ལེགས་གཏོང་རྒྱུ་ཡིན་ཟེར།

བསྒྲགས་གཏམ་ནང་དུ། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཕན་ཚུན་དགྲ་རུ་འཛིན་མཚམས་ཡོངས་སུ་འཇོག་པ་དང་། བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཁའེ་ཁྲིན་ནས་ལྷོ་བྱང་ཐུན་མོང་འབྲེལ་གཏུག་ལས་དོན་ཁང་འཛུགས་པ་དང་། ཁ་བྲལ་བའི་ཁྱིམ་མི་ཐུག་འཕྲད་བྱེད་དུ་འཇུག་པ་སོགས་ཀྱི་བྱ་འགུལ་སྤེལ་རྒྱུའི་དམ་བཅས་ཡོད། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ཏེ་ཝུན་ཙེ་དབྱིན་གྱིས་ད་ལོའི་སྟོན་ཁར་ཁྲའོ་ཞན་ལ་འཚམས་འདྲི་བྱེད་རྒྱུའི་ཐག་བཅད།

ཉིན་དེའི་སྔ་དྲོར། ཅིན་ཀྲིན་ཨིན་པན་མིན་ཏེན་གྱི་དམག་དོན་ས་མཚམས་བརྒལ་ནས། ཝུན་ཙེ་དབྱིན་དང་ཐུག་འཕྲད་བྱས་པ་དང་། ཁོ་ནི་ཁྲའོ་ཞན་དམག་འཁྲུག་མཇུག་རྫོགས་རྗེས་ཧན་གོའི་མངའ་ཁོངས་སུ་སོང་བའི་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཐོག་མར་གྱུར། ཉིན་གཅིག་གི་ཐུག་འཕྲད་ཁྲོད་དུ། ཕྱོགས་གཉིས་ཀྱིས་གྲོས་མོལ་ཐེངས་མང་བྱས་པ་དང་། སྡོང་པོ་བཙུགས་ཏེ་དྲན་རྟེན་དུ་བཞག་པར་མ་ཟད། མཉམ་དུ་དགུང་ཟས་ཟོས་ཏེ། ཕྱེད་གླིང་གི་ཞི་བདེ་དང་དར་རྒྱས་ཐད་ནས་གྲོས་མོལ་བྱས།

དེ་ནི་ཁྲའོ་ཞན་དང་ཧན་གོའི་མགོ་གཙོའི་ཐུག་འཕྲད་ཐེངས་གསུམ་པ་རེད། ཉིས་སྟོང་ལོར། ཧན་གོའི་ཙུང་ཐུང་ཅིན་ཏ་ཀྲུང་གོས་ཁྲའོ་ཞན་ལ་འཚམས་འདྲི་བྱས་ཏེ་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་རི་དང་མཉམ་དུ་ལྷོ་བྱང་ཐུན་མོང་བསྒྲགས་གཏམ་སྟེང་མིང་བཀོད། ཉིས་སྟོང་བདུན་ལོར། ཧན་གོའི་ཙུང་ཐུང་ལུའུ་ཝུའུ་ཞོན་གྱིས་ཁྲའོ་ཞན་ལ་འཚམས་འདྲི་བྱས་ཏེ་ཅིན་ཀྲིན་རི་དང་མཉམ་དུ་ལྷོ་བྱང་འབྲེལ་བའི་འཕེལ་རྒྱས་དང་ཞི་བདེ་དར་རྒྱས་བསྒྲགས་གཏམ་སྟེང་མིང་བཀོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།