ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བདེ་མཉམ་འཛུགས་དང་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་ཉེར་བཞི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཞི་བདེ་འཛུགས་སྐྲུན་དང་སྲུང་འཛིན་མཐོ་རིམ་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་གཅིག་གྱུར་གྱི་འགུལ་སྐྱོད་སྤེལ་ནས། འབྲེལ་ཡོད་རྒྱལ་ཁབ་ལ་ཞི་བདེ་མངོན་འགྱུར་དང་སྲུང་འཛིན་བྱེད་པའི་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཚོགས་ཡུན་ཉིན་གཉིས་ཡིན་པའི་ཐེངས་འདིའི་གྲོས་ཚོགས་སྟེང་གཙོ་བོ་རྩོད་གཞི་སྔོན་འགོག་དང་འདུམ་སྒྲིག གྲོས་མོལ་དང་ཕྱི་འབྲེལ་འབད་བརྩོན་སོགས་ཀྱི་གནད་དོན་ལ་གྲོས་སྡུར་བྱེད་རྒྱུ་རེད།

ཀུའུ་ཐི་ལེ་སི་ཡིས་ཚོགས་འདུ་མགོ་བརྩམས་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཉེ་བའི་ལོ་སུམ་ཅུ་ཙམ་གྱི་རིང་ལ། རྒྱལ་ཁབ་སྔར་ལས་མང་པོས་དྲག་ཤུགས་འཁྲུག་རྩོད་ཀྱི་མནར་གཅོད་མྱངས། ལོ་གཉིས་ཀྱི་སྔོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་གྲོས་ཆོད་གཉིས་ལ་གྲོས་འཆམ་བྱུང་ནས། འཁྲུག་རྩོད་ཀྱི་དུས་རིམ་སོ་སོ་དང་རིམ་པ་སོ་སོ་ནས་ཞི་བདེ་སྲུང་འཛིན་བྱེད་རྒྱུའི་དམ་བཅས་ཡོད་ཟེར། ཁོས་ཐེངས་འདིའི་གྲོས་ཚོགས་ནས་འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱེད་པར་སྒུལ་ཤུགས་སྔར་ལས་ཆེན་པོ་འདོན་སྤྲོད་བྱེད་རྒྱུའི་རེ་བ་བཏོན།

ཀུའུ་ཐི་ལེ་སི་ཡིས་བསྟན་དོན། གོ་ལ་ཧྲིལ་པོ་འཕྲད་པའི་འགྲན་རྩོད་ཀྱི་གཞི་ཁྱོན་དང་ངོ་བོས་ཁེ་ཕན་ཐད་ནས་འབྲེལ་བ་ཡོད་པའི་ཕྱོགས་སོ་སོའི་བར་དུ་འཐབ་ཇུས་དང་གྲོགས་པོའི་འབྲེལ་བ་དམ་པོ་འཛུགས་དགོས་པའི་རེ་བ་བཏོན་ཡོད། ཁོས་བལྟས་ན་རྒྱལ་ཁབ་སོ་སོས་བདག་པོའི་སྙིང་སྟོབས་དར་སྤེལ་བྱེད་པ་མ་ཟད། བུད་མེད་དང་ན་གཞོན། ཚོགས་པ་ཉུང་ཤོས། དབང་བོ་སྐྱོན་ཅན་དང་བཅས་པའི་བས་མཐའི་མི་ཚོགས་ཀྱི་དགོས་མཁོ་ལ་བསམ་བློ་གང་ལེགས་བཏང་ན། འཛམ་གླིང་གིས་ད་གཟོད་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་ཐུབ་པར་འདོད་ཟེར།

ཀུའུ་ཐི་ལེ་སི་ཡིས་ཞི་བདེ་དང་རྒྱུན་སྲིང་འཕེལ་རྒྱས། འགྲོ་མིའི་ཐོབ་ཐང་སོགས་ཀྱི་རྒྱུ་རྐྱེན་གཅིག་སྡུད་བྱས་ཏེ། རྩོད་གཞི་སྔོན་འགོག་བྱེད་པ་དེ་གཙོ་གནད་དུ་འཛིན་པ་དང་རྩོད་གཞིའི་འབྱུང་ཁུངས་ཐག་གཅོད་པ་གཉིས་མཉམ་གཅིག་ཏུ་སྤེལ་བའི་བྱེད་ཐབས་ཤིག་འཛུགས་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གཉིས་པའི་ཀྲུའུ་ཞི་ལའེ་ཆ་ཁི་ཡིས་གཏམ་བཤད་སྐབས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ལ་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པའི་བསམ་ཕྱོགས་གསར་པ་མཁོ་བས། འཁྲུག་རྩོད་བྱེད་པའི་རྒྱལ་ཁབ་ཀྱི་དངོས་ཡོད་དགོས་མཁོ་ཐག་གཅོད་པ་དང་བསྐོང་དགོས་པ་མ་ཟད། ད་དུང་འབད་བརྩོན་སྔར་ལས་ཆེན་པོ་བྱས་ཏེ། རྒྱལ་ཁབ་སོ་སོའི་ཡུན་རིང་གི་ཞི་བདེ་སྲུང་འཛིན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཟེར། ཁོས་རྩོད་གཞི་སྔོན་འགོག་བྱེད་པ་དེ་དམིགས་བསལ་གྱི་གོ་གནས་སུ་འཇོག་དགོས་པ་ལས། རྩོད་གཞི་བྱུང་རྗེས་རྩོད་གཞི་དེར་བྱེད་ཐབས་སྤྱད་ན་མི་འགྲིག རྩོད་གཞི་སྔོན་འགོག་བྱས་ན་ད་གཟོད་ཚེ་སྲོག་གྲངས་མེད་སྐྱོབ་ཐུབ་པ་མ་ཟད་ཨ་སྒོར་དུང་ཕྱུར་བཅུ་ཕྲག་འགའི་འགྲོ་སོང་ཇེ་ཉུང་དུ་གཏོང་ཐུབ་ཅེས་ནན་གྱིས་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།