ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་བརྗེ་སྤོར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཕིན་ཕའེ་ཨོ་ཡིས་ད་ལྟའི་རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་གྱི་ཚབ་ཏུ་ལས་འགན་ཁུར་བར་མིང་འདོན་བྱས་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་ཉིན་དེའི་ཞོགས་པར་དྲ་ཐོག་ནས་ཆོད་དོན་དེ་ཁྱབ་སྒྲོག་བྱས། ཁོས་ད་རུང་ཁྱབ་སྒྲོག་བྱས་དོན། ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཅི་ནཱ་ཧཱ་སི་ཕའེ་ཨར་གྱིས་ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར་བར་མིང་འདོན་བྱས་ཡོད།

ཏིས་ལེ་སིན་གྱིས་གཅིག་སྟོང་དགུ་བརྒྱ་དོན་ལྔ་ལོར་ཨེ་ཁི་སིན་མཱེ་ཧྥུའུ་ཀུང་ཟི་ནས་ལས་འགན་ཁུར་མགོ་བརྩམས་པ་དང་། ཉིས་སྟོང་དྲུག་ལོ་ནས་བཟུང་ཀུང་ཟི་དེའི་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་ཁུར། ཁོས་སྔོན་ཆད་ཨ་མེ་རི་ཁའི་ཁེ་ལས་ཀྱིས་ཨུ་རུ་སིའི་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས་མཉམ་ལས་ལ་ཤུགས་ཆེན་པོས་ཡར་སྐུལ་བཏང་བས། ཁི་ལི་མུའུ་ལིན་ཕོ་བྲང་གིས་ཁོར་ཨུ་རུ་སིའི་མཛའ་མཐུན་བྱས་རྗེས་རྟགས་མ་བྱིན། ཉིས་སྟོང་བཅུ་བཞི་ལོར། ཏིས་ལེ་སིན་གྱིས་ད་རུང་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གིས་ཝུའུ་ཁི་ལན་ཉམས་ཉེན་དབང་གིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྤྱད་པར་བསམ་ཚུལ་མི་འདྲ་བ་བཏོན། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། ཐི་ལིང་ཕུའུ་ཡིས་ཏིས་ལེ་སིན་རྒྱལ་སྲིད་བློན་ཆེན་དུ་བསྐོ་འཇོག་བྱེད་རྒྱུ་ཁྱབ་སྒྲོག་བྱས། རྒྱལ་སྲིད་བློན་ཆེན་གྱི་འགན་མ་ཁུར་གོང་ཏིས་ལེ་སིན་ལ་སྲིད་སྐྱོང་གི་ཉམས་ཉེན་ཅི་ཡང་མེད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།