ཀྲུང་གོ་བོད་ཀྱི་དྲ་བ།

ཁོང་གོ་ཅིན་ནས་རིགས་རྒྱུད་བར་གྱི་འཁྲུག་རྩོད་བྱུང་སྟེ་མི་བཞི་བཅུ་ལྷག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོང་གོ་ཅིན་གྱི་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་ཚེས་གཉིས་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་བྱང་ཤར་ས་ཁུལ་དུ་ཚེས་གཅིག་ཉིན་གྱི་དགོང་མོར་རིགས་རྒྱུད་བར་གྱི་འཁྲུག་རྩོད་བྱུང་སྟེ། མི་བཞི་བཅུ་ལྷག་རྐྱེན་ལམ་དུ་ཤོར་ཟེར།

ཁོང་གོ་ཅིན་གྱི་བདེ་འཇགས་སྡེ་ཁག་དང་ས་དེའི་དཔོན་རིགས་ཀྱིས་གསར་འགོད་པར་བདེན་དཔང་བྱས་དོན། བྱང་ཤར་ཕྱོགས་ཀྱི་དབྱེ་ཐུའུ་ལི་ཞིང་ཆེན་ནས། ཧི་མཱ་རིགས་དང་ལོན་ཏུའུ་རིགས་ཀྱི་བར་ཚེས་གཅིག་ཉིན་གྱི་དགོང་མོར་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ། མི་བཞི་བཅུ་ལྷག་རྐྱེན་ལམ་དུ་ཤོར། དབང་འཛིན་ལས་ཁུངས་ཀྱིས་གནས་བབ་ལ་དཔྱད་འཇོག་ཞིབ་མོ་བྱེད་བཞིན་ཡོད། དབྱེ་ཐུའུ་ལི་ཞིང་ཆེན་གྱི་སྤྱི་དམངས་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་ཁུར་བས་བསྟན་དོན། སྐོར་ཐེངས་གསར་བའི་རིགས་རྒྱུད་འཁྲུག་རྩོད་དེ་བྱུང་ནས་ཟླ་འགའ་འགོར་ཡོད་པས། ཀྲུང་དབྱང་སྲིད་གཞུང་གིས་དེར་མཐོང་ཆེན་བྱེད་དགོས་ཟེར།

ཁོང་གོ་ཅིན་བྱང་ཤར་ས་ཁུལ་དུ་ས་ཞིང་དང་རྒྱུ་ནོར་གྱི་རྩོད་གླེང་དབང་གིས་ཧི་མཱ་རིགས་དང་ལོན་ཏུའུ་རིགས་བར་འཁྲུག་རྩོད་བྱུང་ནས་ལོ་མང་བོ་འགོར་ཡོད། ཉེ་བའི་ཟླ་གཉིས་ཀྱི་རིང་། དབྱེ་ཐུའུ་ལི་ཞིང་ཆེན་ནས་སྐོར་ཐེངས་གསར་བའི་རིགས་རྒྱུད་འཁྲུག་རྩོད་བྱུང་སྟེ་མི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར། བསྡོམས་རྩིས་བྱས་པ་ལྟར་ན། ཁང་ཤར་སྟོང་ཕྲག་འགའ་མེར་བསྲེག་པ་དང་། མི་སྟོང་དྲུག་ལྷག་རང་ཁྱིམ་དང་བྲལ་ནས་ཡུལ་གཞན་དུ་འཁྱམས་བཞིན་ཡོད་ལ། མང་ཚོགས་སྐོར་ཞིག་ཁྱིམ་མཚེས་རྒྱལ་ཁབ་ཝུ་ཀན་ཏཱ་རུ་བྲོས་ནས་འགེབས་སྲུང་ཐོབ་པར་བརྩོན་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།