ཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་གྱིས་འཇར་པན་དང་ཀྲུང་གོའི་འབྲེལ་བ་དེ་དུས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་རྒྱུན་ལྡན་གྱི་རྒྱལ་ཚོགས་སྐབས་བརྒྱ་དང་གོ་དྲུག་པ་ཚེས་ཉེར་གཉིས་ཉིན་ཚོགས་མགོ་བརྩམས་པ་དང་། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཉིན་དེའི་ཕྱི་དྲོར་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གི་ཚང་འཛོམས་གྲོས་ཚོགས་སྟེང་སྲིད་འཛིན་གཏམ་བཤད་སྤེལ་སྐབས་བསྟན་དོན། འཇར་པན་དང་ཀྲུང་གོའི་འབྲེལ་བ་དེ་དུས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་གཏོང་འདོད་ཡོད་ཟེར།

ཨན་པའེ་ཅིན་སན་གྱིས་བཤད་རྒྱུར། འཇར་པན་དང་ཀྲུང་གོས་ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྗིད་མོ་ཕྲག་ཏུ་བླངས་ཡོད་ཅིང་། འཇར་པན་ཕྱོགས་ཀྱིས་ཀྲུང་གོའི་བར་གཏན་འཇགས་ཀྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ད་ལོ་ནི་འཇར་པན་དང་ཀྲུང་གོས་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་ངོ་བཞི་བཅུ་འགོར་བའི་ལོ་ཡིན་པས། འཇར་པན་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་རིག་གནས། གནས་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱེད་དགོས་པ་དང་། མཐོ་རིམ་བར་གྱི་བརྗེ་རེས་ཇེ་ཟབ་ཏུ་བཏང་ནས་འཇར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

ནང་སྲིད་ཐད་ནས་ཨན་པའེ་ཅིན་སན་གྱིས་སྲིད་ཏང་སོ་སོས་རྩ་ཁྲིམས་བཟོ་བཅོས་བྱེད་པའི་ཐད་བྱེ་བྲག་གི་ཇུས་གཞི་འདོན་དགོས་པ་དང་། དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གིས་རྩ་ཁྲིམས་ཞིབ་བཤེར་ཚོགས་པའི་རྩ་ཁྲིམས་བཟོ་བཅོས་ཀྱི་གྲོས་བསྡུར་འཕེལ་རིམ་ལ་ཡར་སྐུལ་གཏོང་དགོས་པའི་རེ་བ་བཏོན། དེ་ལས་གཞན་གཏམ་བཤད་ལས་ད་རུང་ངལ་རྩོལ་གྱི་ཐབས་ལ་བརྟེན་ནས་བཅོས་བསྒྱུར་བྱེད་པར་ཡར་སྐུལ་གཏོང་བ་དང་། གནམ་བསྐོས་གོང་མ་ལས་གནས་ལས་འབུད་པ་དང་གནམ་བསྐོས་གོང་མ་གསར་བས་འགན་ཁུར་བའི་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་པ་སོགས་གླེང་།

ཕྱི་འབྲེལ་བདེ་སྲུང་ཐད་ནས། ཨན་པའེ་ཅིན་སན་གྱིས་མུ་མཐུད་དུ་འཇར་པན་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཨ་མེ་རི་ཁ་དང་ཧན་གོ། ཨོ་སི་ཁྲུ་ལི་ཡཱ། རྒྱ་གར་སོགས་ཐུན་མོང་འཐབ་ཇུས་ཀྱི་ཁེ་ཕན་རྒྱལ་ཁབ་བར་གྱི་མཉམ་ལས་ཇེ་དྲག་ཏུ་གཏོང་རྒྱུའི་ཚུལ་བསྟན།

སྐབས་འདིའི་རྒྱུན་ལྡན་གྱི་རྒྱལ་ཚོགས་དེ་ཟླ་དྲུག་པའི་ཚེས་ཉི་ཤུའི་ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་དང་། ཉིན་བརྒྱ་དང་ལྔ་བཅུ་ལྷག་གི་ཚོགས་ཡུན་ནང་། སྲིད་འཛིན་ཏང་དང་སྲིད་དབང་བཟུང་མེད་པའི་ཏང་གིས་ལོ་གསར་བའི་སྔོན་རྩིས་འཆར་ཟིན་དང་ངལ་རྩོལ་གྱི་ཐབས་ལ་བརྟེན་ནས་འབྲེལ་ཡོད་བཅའ་ཁྲིམས་བཅོས་བསྒྱུར་བྱེད་པ་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། རྩ་ཁྲིམས་བཟོ་བཅོས་ཀྱི་གྲོས་བསྡུར་འཕེལ་རིམ་ནི་མི་ཀུན་གྱིས་དོ་སྣང་བྱེད་པའི་གནད་དོན་ཅིག་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།