ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་དམར་ཐིག་ཀུའེ་ནེ་ཡཱ་སྲིད་གཞུང་གིས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་དབུས་ཕྱོགས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་གནད་དོན་གྱི་དྲུང་ཡིག་ཆེན་མོའི་དམིགས་བསལ་འཐུས་མི་ཧྥ་ཨར་གྱིས་ཚེས་བརྒྱད་ཉིན་གྱི་དགོང་མོར་དམར་ཐིག་ཀུའེ་ནེ་ཡཱའི་རྒྱལ་ས་མཱ་ལཱ་པའོ་ནས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་དམར་ཐིག་ཀུའེ་ནེ་ཡཱའི་སྲིད་གཞུང་གིས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཧྥ་ཨར་གྱིས་དམར་ཐིག་ཀུའེ་ནེ་ཡཱ་རྒྱལ་ཁབ་ཀྱི་འཚམས་འདྲི་མཇུག་མ་སྒྲིལ་གོང་དམར་ཐིག་ཀུའེ་ནེ་ཡཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་བརྒྱུད་དེ་གོང་གི་སྐད་ཆ་དེ་བཤད་པ་རེད། དམར་ཐིག་ཀུའེ་ནེ་ཡཱའི་སྲིད་གཞུང་དམག་རིགས་ཀྱིས་ཚེས་དགུའི་ཉིན་བསྒྲགས་པ་ལྟར་ན། ཧྥ་ཨར་གྱིས་ཚེས་བརྒྱད་ཉིན་དམར་ཐིག་ཀུའེ་ནེ་ཡཱའི་ཙུང་ཐུང་ཨོ་པུས་ཨང་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དྲག་ཤུགས་བྱེད་ཐབས་གང་རུང་གིས་དམར་ཐིག་ཀུའེ་ནེ་ཡཱའི་རྩ་ཁྲིམས་སྲིད་དོན་སྒྲིག་ལམ་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

དམར་ཐིག་ཀུའེ་ནེ་ཡཱའི་རྒྱལ་ཁབ་བདེ་འཇགས་པུའུ་ཡིས་ཚེས་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། སྲིད་གཞུང་གིས་ངོ་རྒོལ་ཏང་མིས་ཇུས་འགོད་བྱས་པ་དང་ཕྱི་རྒྱལ་གྱི་གླས་དམག་གིས་ལག་བསྟར་བྱས་པའི་སྲིད་འགྱུར་གཡོ་ཇུས་ཤིག་ལ་ཕམ་ཉེས་བཟོས་པར་བཤད། ཧྥ་ཨར་གྱི་ཐེངས་འདིའི་འགྲུལ་བཞུད་ནི་སྔར་ལས་ལྷག་པའི་སྒོ་ནས་དམར་ཐིག་ཀུའེ་ནེ་ཡཱའི་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་གྱི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་ཆེད་དུ་རེད།

དམར་ཐིག་ཀུའེ་ནེ་ཡཱའི་སྲིད་གཞུང་གིས་ཚེས་དགུའི་ཉིན་བསྒྲགས་པ་ལྟར་ན། ཧྥ་ཨར་འཚམས་འདྲིར་མ་ཡོང་གོང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དམར་ཐིག་ཀུའེ་ནེ་ཡཱའི་འཐུས་མི་མུའུ་པཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་ཐུག་འཕྲད་བྱས་པ་དང་། ཀུའུ་ཐི་ལོས་སི་ལ་ཨོ་པུས་ཨང་གི་འཕྲིན་ཡིག་བརྒྱུད་སྤྲོད་བྱས་པར་བཤད་ཀྱང་། འཕྲིན་ཡིག་གི་ནང་དོན་གསལ་བོར་བསྒྲགས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།