ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་མཱེ་ནི་ཡཱའི་ཙུང་ཐུང་གིས་ནཱ་ཁཱའི་གནད་དོན་དེ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་དགོས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་མཱེ་ནི་ཡཱའི་ཙུང་ཐུང་སཱ་ཨར་ཅི་ཞང་གིས་ཚེས་ཉེར་བཞིའི་ཉིན་རྒྱལ་ས་ཨེ་ལི་ཝུན་ནས་བསྟན་དོན། ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧིའི་གནད་དོན་དེ་ཞི་བདེའི་བྱེད་ཐབས་བརྟེན་ན་ད་གཟོད་ཐག་གཅོད་བྱེད་ཐུབ་ཟེར།

སཱ་ཨར་ཅི་ཞང་གིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ་དང་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། ཨེ་མཱེ་ནི་ཡཱའི་ཕྱོགས་ཀྱིས་བལྟས་ན་ནཱ་ཁཱའི་འཁྲུག་རྩོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་གཞིར་བཟུང་ནས་ཐག་གཅོད་བྱེད་དགོས་པ་དང་། ཁྱད་པར་དུ་དྲག་ཤུགས་མི་གཅོད་པ་དང་ཕན་ཚུན་འཇིགས་ཉེན་མི་སྐུལ་བ། རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་པ། མི་དམངས་ཀྱིས་རང་ཐག་གཅོད་པའི་རྩ་དོན་གཞིར་བཟུང་སྟེ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་དགོས་ཟེར།

སཱ་ཨར་ཅི་ཞང་གིས་བསྟན་དོན། ནཱ་ཁཱ་ས་ཁུལ་གྱི་གནས་བབ་གཏན་འཇགས་ཡོང་བ་དང་། འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱས་ཏེ། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁིའི་ཚན་ཆུང་གིས་བཀོད་པའི་གྲོས་ཆོད་སྣ་ཚོགས་ལག་བསྟར་གང་ལེགས་བྱེད་པ་དེ་ནཱ་ཁཱའི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པར་གལ་འགངས་ཆེ་ཟེར།

ནཱ་ཁཱ་ས་ཁུལ་དེ་ཨ་སེ་པེད་ཅང་ལྷོ་ནུབ་ཕྱོགས་སུ་གནས་པ་དང་། སྡོད་དམངས་མང་ཆེ་བ་ནི་ཨེ་མཱེ་ནི་ཡཱའི་རིགས་ཡིན། སུའུ་ལེན་ཁ་ཐོར་དུ་སོང་རྗེས། ཨ་སེ་པེད་ཅང་དང་ཨེ་མཱེ་ནི་ཡཱའི་བར་ནཱ་ཁཱ་ནས་འཐབ་འཁྲུག་བྱུང་བ་དང་། ཨེ་མཱེ་ནི་ཡཱ་ཡིས་ནཱ་ཁཱ་དང་དེའི་ཉེ་འཁོར་གྱི་ཨ་སེ་པེད་ཅང་ལ་དབང་བའི་མངའ་ཁོངས་བཙན་བཟུང་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།