ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྱིས་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་བྱུང་ན་ས་གནས་རང་གི་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་དྲུག་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཀྲུང་གོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་གྱི་ནུས་པ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཀྲུང་གོའི་དཔལ་འབྱོར་འཕར་སྣོན་དེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ལ་ཕན་ཐོགས་ཡོད་ཟེར།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་དེ་ཚེས་ལྔ་ཉིན་ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་ནས་སྤེལ་བ་དང་། ཚེས་དྲུག་ཉིན་གྱི་དགོང་མོར་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་མཇུག་མཐར་གཏན་འཁེལ་བྱས་པའི་ཕྱི་འབྲེལ་བློན་ཆེན་གྱི་མཉམ་འབྲེལ་གསལ་སྒྲོག་ཁྱབ་སྒྲོག་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་མ་འོངས་པར་ཀྲུང་གོའི་བར་རིམ་པ་མཐོན་པོའི་གྲོས་མོལ་དང་བརྗེ་རེས་བྱེད་པར་རེ་སྒུག་བྱས་ཡོད་པ་དང་། དཔལ་འབྱོར་མཉམ་བསྲེས་ཀྱི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་འདོད་ཡོད་ལ། ཉིས་སྟོང་ཉི་ཤུ་ལོའི་བར་ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་གཞི་རྒྱ་དེ་སོ་སོར་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་མེ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་ལྔར་བསླེབ་པའི་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱ་དགོས་པར་མ་ཟད། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་གྲོས་ཆོད་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 
གསལ་སྒྲོག་ལས་བཤད་རྒྱུར། ཉིས་སྟོང་བཅོ་བརྒྱད་ལོ་ནི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅོ་ལྔ་འགོར་བའི་ལོ་ཡིན་ཞིང་། ཉིས་སྟོང་བཅོ་བརྒྱད་ལོ་དེ་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གསར་གཏོད་ལོ་རུ་གཏན་འཁེལ་བྱེད་པར་རེ་སྒུག་བྱས་ཡོད་པ་དང་། ཞོར་དུ་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཉིས་སྟོང་སུམ་ཅུ་ལོའི་རེ་འདུན་གཏན་འབེབས་བྱེད་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་ཇུས་གཞི་འཆར་འགོད་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོས་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་དང་། གནས་སྐོར། མཁའ་འགྲུལ་སྐྱེལ་འདྲེན། རུལ་སུངས་ངོ་རྒོལ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ནས་མཉམ་ལས་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།