ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་སག་སི་ཐན་དང་ཨ་མེ་རི་ཁ། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱི་ཞི་བདེ་སྲུང་སྐྱོབ་ཀྱི་དམག་དོན་སྦྱོང་བརྡར་ཧཱ་སག་སི་ཐན་ལྷོ་ཕྱོགས་ས་ཁུལ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧཱ་སག་སི་ཐན་རྒྱལ་སྲུང་པུའུ་ཡིས་ཚེས་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ཚབ་མིང་ལ་ཉིས་སྟོང་བཅུ་བདུན་ལོའི་དཔྱིད་ཀའི་རྩྭ་ཐང་གི་གླག་རྒོད་ཅེས་པའི་རྒྱལ་ཁབ་གསུམ་གྱི་ཞི་བདེ་སྲུང་སྐྱོབ་ཀྱི་དམག་དོན་སྦྱོང་བརྡར་དུས་རིམ་དང་པོ་ཧཱ་སག་སི་ཐན་ལྷོ་ཕྱོགས་ཀྱི་མདའ་འཕེན་ར་བ་ནས་སྤེལ་མགོ་བརྩམས། ཧཱ་སག་སི་ཐན་དང་ཨ་མེ་རི་ཁ། དབྱིན་ཇི་བཅས་ཀྱི་དམག་མི་སྦྱོང་བརྡར་ལ་ཞུགས། རྒྱལ་ཁབ་གསུམ་གྱི་དམག་མིས་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་ལད་མོ་བྱས་ཏེ་ཞི་བདེ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་སྤེལ་རྒྱུ་རེད།

ཧཱ་སག་སི་ཐན་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། དམག་དོན་སྦྱོང་བརྡར་སྐབས་སུ། ཧཱ་སག་སི་ཐན་དང་ཨ་མེ་རི་ཁ། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱི་དམག་མིས་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་ལད་མོ་བྱས་ཏེ། འགན་འཁྲི་ཡོད་སའི་མངའ་ཁོངས་སུ་སྐོར་གཡེང་བྱེད་པ་དང་། ཞིབ་བཤེར་ས་ཚིགས་བཙུགས་ནས་འགྲིམ་འགྲུལ་རྒྱུ་ལམ་གཙོ་བོར་ཚོད་འཛིན་བྱེད་པ། བྱེད་ཐབས་སྤྱད་དེ་མི་ཚོགས་ལ་ཚོད་འཛིན་བྱེད་པ། ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་བཅའ་སྡོད་བྱེད་སར་སྲུང་སྐྱོབ་བྱེད་པ། འབྲེལ་ཡོད་མི་སྣ་དང་མི་ཆོས་རིང་ལུགས་ཀྱི་དངོས་རྫས་ལ་སྲུང་སྐྱོབ་བྱེད་པ། ས་འོག་འགད་རྫས་གཙང་སེལ་བྱེད་པ། འབྲེལ་ཡོད་མི་སྣར་དགོས་ངེས་ཀྱི་སྨན་བཅོས་རོགས་སྐྱོར་བྱེད་པ་སོགས་ཀྱི་སྦྱོང་བརྡར་སྤེལ་རྒྱུ་རེད། རྒྱལ་ཁབ་གསུམ་གྱི་ཁྲིད་སྟོན་པའི་མཛུབ་སྟོན་འོག རྒྱལ་ཁབ་གསུམ་གྱི་དམག་མིས་གཞུང་ལུགས་སློབ་ཁྲིད་དང་ལག་ལེན་སྦྱོང་བརྡར་གྱི་སློབ་ཁྲིད་དང་ལེན་བྱེད་རྒྱུ་རེད། སྦྱོང་བརྡར་གྱི་ཕན་འབྲས་ཇེ་མཐོར་གཏོང་ཆེད། སྦྱོང་བརྡར་ས་ཁུལ་དུ་གནས་སྐབས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་བཅའ་སྡོད་བྱེད་ས་དང་ཡུལ་གྱར་བའི་སྒར་ས་ལད་བཟོ་བྱས་ཡོད། ཧཱ་སག་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དམག་དོན་སྦྱོང་བརྡར་དེ་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་བར་རྒྱུན་བསྲིང་རྒྱུ་རེད།

ཉིས་སྟོང་བཅུ་བདུན་ལོའི་དཔྱིད་ཀའི་རྩྭ་ཐང་གི་གླག་རྒོད་ཅེས་པའི་ཞི་བདེ་སྲུང་སྐྱོབ་ཀྱི་དམག་དོན་སྦྱོང་བརྡར་གྱི་དུས་རིམ་གཉིས་པ་དེ་ཟླ་བདུན་པའི་ཚེས་ཉེར་གཉིས་ནས་ཟླ་བརྒྱད་པའི་ཚེས་བཞིའི་ཉིན་བར་མདའ་འཕེན་ར་བ་དེ་ནས་སྤེལ་རྒྱུ་རེད། དམག་དོན་སྦྱོང་བརྡར་མཇུག་སྒྲིལ་རྗེས། བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་དག་ནས་ཡོང་བའི་དམག་དོན་ཆེད་མཁས་པས་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་ཧཱ་སག་སི་ཐན་གྱི་དམིགས་བསལ་དམག་དཔུང་གི་ཞི་བདེ་སྲུང་སྐྱོབ་ནུས་པར་དཔྱད་འཇོག་བྱེད་རྒྱུ་རེད།

ཉིས་སྟོང་བཅུ་བདུན་ལོའི་དཔྱིད་ཀའི་རྩྭ་ཐང་གི་གླག་རྒོད་ཅེས་པའི་རྒྱལ་ཁབ་གསུམ་གྱི་ཞི་བདེ་སྲུང་སྐྱོབ་ཀྱི་དམག་དོན་སྦྱོང་བརྡར་དེ་ཉིས་སྟོང་གསུམ་ལོ་ནས་སྤེལ་མགོ་བརྩམས་པ་དང་། དེ་ནི་བྱང་ཆིངས་རྩ་འཛུགས་དང་ཧཱ་སག་སི་ཐན་གྱིས་བྱང་ཆིངས་རྩ་འཛུགས་ཀྱི་ཞི་བདེ་གྲོགས་པོའི་འབྲེལ་བའི་འཆར་གཞིའི་སྒྲོམ་གཞིའི་འོག་ལག་བསྟར་བྱེད་པའི་དམག་དོན་མཉམ་ལས་ལས་གཞི་ཞིག་ཡིན་ལ། ལོ་རེར་ཐེངས་རེར་སྤེལ་བཞིན་ཡོད། དམག་དོན་སྦྱོང་བརྡར་དེ་སྤྱིར་བཏང་དུ་དུས་རིམ་གཉིས་སུ་བགོས་ཡོད་ལ། དུས་རིམ་རེ་རེ་དུས་ཚོད་མི་འདྲ་བར་སྤེལ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།