ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་སྲིད་གཞུང་གིས་ངོ་རྒོལ་ཕྱོགས་ཁག་གིས་ཞི་བདེའི་ལམ་ཐིག་དཔེ་རིས་ཀྱི་གྲོས་མཐུན་བཀོད་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   སུའུ་ཏན་སྲིད་གཞུང་གིས་ཚེས་དགུ་ཉིན་ངོ་རྒོལ་ཕྱོགས་ཁག་མནའ་འབྲེལ་སུའུ་ཏན་འབོད་སྐུལ་ཞེས་པ་དེས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་བཏོན་པའི་ཞི་བདེའི་ལམ་ཐིག་དཔེ་རིས་ཀྱི་གྲོས་མཐུན་བཀོད་པར་དགའ་བསུ་ཞུས་པ་དང་། དེ་ནི་རིགས་ལམ་གསལ་ཞིང་གནས་ལུགས་དང་མཐུན་པའི་ཐག་གཅོད་ཅིག་རེད་ཅེས་བཤད།

སུའུ་ཏན་གྱི་ཙུང་ཐུང་གཞོན་པ་དང་པོ་ཁི་ལེ་སཱ་ལེ་ཧི་ཡིས་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། ཁོས་ངོ་རྒོལ་ཕྱོགས་ཁག་མནའ་འབྲེལ་གྱི་ཐག་གཅོད་དེར་གཟེངས་བསྟོད་བྱས་པ་ཡིན་ལ། ངོ་རྒོལ་ཕྱོགས་ཁག་གིས་ལམ་ཐིག་དཔེ་རིས་ཀྱི་གྲོས་མཐུན་བཀོད་པ་དེས་སུའུ་ཏན་མི་དམངས་ཀྱིས་རྒྱལ་ཁབ་ལ་གནས་པའི་གནད་དོན་མཉམ་དུ་ཐག་གཅོད་པར་བགྲོད་ལམ་བདེ་མོ་ཞིག་བཏིངས་པ་རེད་ཟེར།

ཁོས་ང་ཚོ་དམག་འཁྲུག་བརྒྱུད་ཟིན་པས། ད་ལྟ་མཁོ་བ་ནི་བཟོད་སྒོམ་དང་འགྲིག་མཐུན་ཡིན་ཞེས་བཤད། ཁོས་ད་དུང་སུའུ་ཏན་རྒྱལ་ཡོངས་ཀྱི་གྲོས་མོལ་ཚོགས་ཆེན་དེ་དམིགས་འབེན་འགྲུབ་པའི་བར་དུ་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཞེས་ནན་གྱིས་བསྟན།

སུའུ་ཏན་ངོ་རྒོལ་ཕྱོགས་ཁག་མནའ་འབྲེལ་སུའུ་ཏན་འབོད་སྐུལ་ཞེས་པ་དེས་ཚེས་བརྒྱད་ཉིན་ཡ་ཏེ་སི་ཡ་པེ་པ་ནས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་ལག་བསྟར་ཚན་ཆུང་གིས་གྲོས་མགོ་བཏོན་པའི་ཞི་བདེའི་ལམ་ཐིག་དཔེ་རིས་ཀྱི་གྲོས་མཐུན་སྟེང་མིང་བཀོད།

ད་ལོའི་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་ལག་བསྟར་ཚན་ཆུང་དང་སུའུ་ཏན་སྲིད་གཞུང་གིས་ལམ་ཐིག་དཔེ་རིས་ཀྱི་གྲོས་མཐུན་ཞིག་བཀོད་ནས། སུའུ་ཏན་གྱི་མངའ་སྡེ་ཆིན་ཉི་ལོ་དང་ཁོ་ཨར་ཏོ་ཧྥན་ལྷོ་མ། ཏ་ཨར་ཧྥུའུ་ཨར་ས་ཁུལ་བཅས་ནས་དམག་འཁྲུག་རྒྱག་མཚམས་བཞག་སྟེ། རྒྱལ་ཡོངས་ཀྱི་གྲོས་མོལ་བྱེད་རྒྱུའི་འབོད་སྐུལ་བཏང་། ཡིན་ན་ཡང་སུའུ་ཏན་གྱི་ངོ་རྒོལ་ཕྱོགས་ཁག་གི་རྩ་འཛུགས་གཙོ་བོས་སྐབས་དེར་གྲོས་མཐུན་དེ་མ་བཀོད་པ་དང་། གྲོས་མཐུན་དེ་སུའུ་ཏན་དབང་འཛིན་ལས་ཁུངས་ལ་ཕན་ཐོགས་སྔར་ལས་ཆེ་བར་འདོད་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།