ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་ལས་ཞུགས་ལས་སྤེལ་དང་མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན། རྒྱལ་ཡོངས་ཀྱི་ལས་ཞུགས་ལས་སྤེལ་དང་མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

 མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ལས་ཞུགས་ལས་སྤེལ་དང་ལྷག་པར་དུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་ནི་དཔལ་འབྱོར་རྒྱུན་མཐུད་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་དམངས་ཚིས་ལེགས་བཅོས་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་ཡོང་བ་མངོན་འགྱུར་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཡིན། ད་ལོའི་ལས་ཞུགས་གནོན་ཤུགས་སྔར་བཞིན་ཆེ་ལ་ལྷག་པར་དུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་མི་གྲངས་སྔོན་ལོ་ལས་ཇེ་མང་དུ་སོང་བ་དང་བརྟན་འཇགས་ལས་ཞུགས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ཡང་ཅུང་མང་བས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཅིས་ཀྱང་མཐོང་ཆེན་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ལས་ཞུགས་གཙོར་འཛིན་པའི་སྲིད་ཇུས་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་ལས་ཞུགས་རྒྱ་བསྐྱེད་པ་དང་བརྟན་འཇགས་སུ་གཏོང་བ་འབུར་ཐོན་གོ་གནས་སུ་བཞག་ནས། ལོ་ཧྲིལ་བོའི་ལས་ཞུགས་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པ་འགན་སྲུང་བྱེད་དགོས། ཁྱོན་ཡོངས་ནས་ལས་ཞུགས་ཞབས་ཕྱི་ལ་ཤུགས་སྣོན་པ་དང་གནད་ཕིགས་སྲིད་ཇུས་ལག་བསྟར་བྱས་ཏེ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། ཞིང་བ་ལས་བཟོ་བ་སོགས་ཚོགས་ཁག་གཙོ་བོའི་ལས་ཞུགས་ལས་སྤེལ་དམ་འཛིན་བྱེད་པ་དང་། ལས་ཞུགས་དཀའ་ཁག་ཅན་ལ་རོགས་སྐྱོར་བྱེད་པར་ཤུགས་སྣོན་དགོས། རྒྱུན་མཐུད་སྒོས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། ཁེ་ལས་ཀྱི་བརྟན་འཇགས་ལས་ཞུགས་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲལ་འཕྲི་ཡོན་གཅོག་དང་ཁེ་སྐྱོར་གནས་བརྟན་སོགས་བྱེད་ཐབས་སྣ་ཚོགས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ནས། དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་ཇེ་མང་དུ་འགྲོ་བའི་འཁོར་རྒྱུག་རྣམ་པར་སྐུལ་འདེད་གཏོང་དགོས།  དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་པའི་ནུས་པ་ཇེ་ཆེར་བཏང་སྟེ་ལས་སྤེལ་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་དང་གསར་དར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ལས་ཞུགས་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་དགོས། ཏན་ཏན་ཏིག་ཏིག་སྒོས་མཐོ་རིམ་ལས་རིགས་སློབ་གྲྭས་སློབ་མ་གང་མང་བསྡུ་བ་དང་ལས་རིགས་རྩལ་ནུས་ཇེ་ཆེར་གཏོང་བའི་འགུལ་སྐྱོད་ལ་སྐུལ་འདེད་བཏང་ནས། ངལ་རྩོལ་མཁན་གྱི་ལས་ཞུགས་ལས་སྤེལ་ནུས་པ་ཇེ་ཆེར་གཏོང་བ་དང་མུ་མཐུད་དུ་མི་ཤུགས་ཐོན་ཁུངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།