ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ད་ལོའི་ཟླ་དྲུག་པ་ནས་བཟུང་ཏང་ཡོངས་ཀྱི་གོང་འོག་ཀུན་ཏུ་སྐོར་གཉིས་བགོས་ནས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་བརྗོད་དོན་གཙོ་བོ་ཡིན་པའི་སློབ་གསོ་སྤེལ་རྒྱུ་ཐག་བཅད། ཚོགས་ཐོག་ནས་འབྲི་ཆུའི་ཟུར་གསུམ་གླིང་ཕྲན་ཁུལ་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་འཆར་འགོད་རྩ་གནད་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བཀོད་སྒྲིག་ལྟར། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོར་བཟུང་སྟེ་ཏང་ཡོངས་སུ་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་བརྗོད་དོན་གཙོ་བོ་ཡིན་པའི་སློབ་གསོ་སྤེལ་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་གྱིས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་བཏང་ནས་ཏང་ཡོངས་ཀྱིས་སྔར་ལས་རང་རྟོགས་སྒོས་དུས་རབས་གསར་བའི་ཏང་གི་ལོ་རྒྱུས་འགན་འཁྲི་དང་ལེན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། འབྲི་ཆུའི་ཟུར་གསུམ་གླིང་ཕྲན་གྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་དེ་རྒྱལ་ཁབ་འཐབ་ཇུས་སུ་མཐོར་འདེགས་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གི་གཏན་འཁེལ་བྱས་པའི་ཐབས་ཇུས་བཀོད་སྒྲིག་ཡིན། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གནད་ཆེ་ས་དང་གནད་འགག་དམ་འཛིན་བྱེད་དགོས། གཞི་གཅིག་ཅན་གྱི་འདུ་ཤེས་དང་བསམ་བཀོད་གཅིག་གི་བསམ་བློ་འཛུགས་པ་དང་ཁྱབ་ཁོངས་གཙོ་བོའི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གསར་སྐྲུན་འདེད་སྐུལ་ནུས་པ་ཇེ་ཆེར་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱས་ནས་ཐོན་ལས་འབྲེལ་མཐུད་ཆུ་ཚད་ཇེ་མཐོར་གཏོང་དགོས། ནུས་པ་ལྡན་ཞིང་གོ་རིམ་ཡོད་པ་དང་ཕན་འབྲས་ལྡན་པའི་སྒོ་ནས་བྱ་བ་བསྒྲུབ་པ་དང་། གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པ་དང་དངོས་འབེབས་བྱ་བ་དམ་འཛིན་བྱས་ཏེ། འཆར་འགོད་རྩ་གནད་ལས་གཏན་འཁེལ་བྱས་པའི་ལས་འགན་སྣ་ཚོགས་དངོས་འབེབས་བྱེད་པ་དང་འགན་འཁྲིའི་གཙོ་གཞི་གསལ་བོ་བྱེད་དགོས། ཧྲང་ཧེ་དང་ཅང་སུའུ། ཀྲེ་ཅང་། ཨན་ཧོས་བཅས་ཀྱིས་གཞི་གཅིག་ཅན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས། ཏན་ཏན་ཏིག་ཏིག་སྒོས་འབྲི་ཆུའི་ཟུར་གསུམ་གླིང་ཕྲན་གྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།