ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཕུའུ་ཐའོ་ཡའི་ཙུང་ཐུང་དང་སིང་ཀ་ཕོར་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།

    སྤེལ་དུས། : 2019-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དགུ་ཉིན་ཏེའོ་དབྱི་ཐེ་རྒྱལ་མགྲོན་ཁང་དུ་སོ་སོར་ཕུའུ་ཐའོ་ཡའི་ཙུང་ཐུང་ཏི་སའོ་ས་དང་སིང་ཀ་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གཉིས་ལ་མཇལ་འཕྲད་གནང་།

ཏི་སའོ་ས་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཕུའུ་ཐའོ་ཡ་གཉིས་ནི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ཕུའུ་ཐའོ་ཡར་འཚམས་འདྲི་མཛད་དེ། ཀྲུང་གོ་དང་ཕུའུ་ཐའོ་ཡའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ཤུགས་གསར་བ་བསྩལ། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་ཕུའུ་ཐའོ་ཡའི་འཕེལ་རྒྱས་འཐབ་ཇུས་གཉིས་སྦྲེལ་མཐུད་བྱས་ནས། ཁྱོན་ཡོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། ཀྲུང་གོས་ཕུའུ་ཐའོ་ཡ་འདུ་བའི་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་དང་ཀྲུང་གོ་དང་ཕུའུ་ཐའོ་ཡའི་སྐད་བཤད་པའི་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཏི་སའོ་ས་ཡིས་བསྟན་དོན། ཕུའུ་ཐའོ་ཡས་རྒྱུད་གཅིག་ལམ་གཅིག་ལ་རྒྱབ་སྐྱོར་བྱེད་པ་མ་ཟད་མཉམ་འཛུགས་ཁྲོད་ཞུགས་པ་དང་། ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། ཕུའུ་ཐའོ་ཡས་རང་སྟེང་གི་དགེ་མཚན་འདོན་སྤེལ་བྱས་ཏེ། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་དང་ཕུའུ་ཐའོ་ཡའི་སྐད་བཀོལ་བའི་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཞན་ཞུང་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་སིང་ཀ་ཕོར་གྱི་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་སོང་བ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ན་ནིང་ཕྱོགས་གཉིས་ཀྱི་འགོ་ཁྲིད་མི་སྣའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་ལ། ཀྲུང་གོ་དང་སིང་ཀ་ཕོར་གྱི་རང་དབང་ཉོ་ཚོང་གྲོས་མཐུན་གྱི་རིམ་སྤོར་ཕན་འབྲས་གསལ་བོར་མངོན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་བརྟན་བརླིང་ངང་སྤེལ། ཀྲུང་གོས་སིང་ཀ་ཕོར་དང་མཉམ་དུ་སྐམ་མཚོའི་བགྲོད་ལམ་གསར་བ་འཛུགས་སྐྲུན་བྱེད་པ་དང་། དངུལ་རྩ་དང་ཕྱོགས་གསུམ་པའི་ཚོང་ར། ཚན་རྩལ་གསར་གཏོད། རིག་སྟོབས་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བཟང་བོར་སྤེལ་བ། ཁུལ་ཁོངས་ཀྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་གྱི་གྲོས་མོལ་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། གཏན་ཁེལ་བྱས་པའི་དམིགས་འབེན་ལྟར་ནན་ཧའེ་སྤྱོད་ཚུལ་ཚད་གཞི་ཡི་གྲོས་མོལ་ཡོངས་འགྲུབ་བྱེད་པ། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་སོགས་རྐྱེན་སྲོལ་ནང་གི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རང་ས་ཁུལ་གྱི་གཏན་འཇགས་དང་འཕེལ་རྒྱས། དར་སྤེལ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཞན་ལུང་གིས་བསྟན་དོན། སིང་ཀ་ཕོར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཧ་ཅང་བཟང་བ་དང་། རྒྱུད་གཅིག་ལམ་གཅིག་གྲོས་གཞི་ཡིས་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག་པ་དང་། སིང་ཀ་ཕོར་ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲོད་ཞུགས་པ། ཀྲུང་གོའི་བར་གྱི་ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་རྒྱ་སྐྱེད་པ། རིག་སྟོབས་གྲོང་ཁྱེར་དང་གཞི་གྲངས་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། སྐམ་མཚོའི་བགྲོད་ལམ་གསར་བ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་དང་ཙུང་ལི་ལིས་ཞན་ལུང་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་སིང་ཀ་ཕོར་གྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་འགོད་པར་བདེན་དཔང་བྱས།

ཞའོ་ཅེ་གོང་གི་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།