ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་པེ་ཅིན་དུ་དཔལ་འབྱོར་ཁྱབ་བཤེར་ཐོ་འགོད་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཞི་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་པེ་ཅིན་དུ་དཔལ་འབྱོར་ཁྱབ་བཤེར་ཐོ་འགོད་བྱ་བར་རྟོག་ཞིབ་མཛད། ཧན་ཀྲིན་གྱིས་བསྟན་དོན། རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བ་ནི་རྒྱལ་དོན་དང་རྒྱལ་ཤུགས་གལ་ཆེན་ལ་ཞིབ་བཤེར་བྱེད་ཐེངས་ཤིག་ཡིན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོ། འབྲེལ་ཡོད་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཁྱབ་བཤེར་ཐོ་འགོད་ཀྱི་འགན་སྲུང་བྱེད་ཐབས་སྣ་ཚོགས་ཇེ་དྲག་ཏུ་གཏོང་བ་དང་གཞི་གྲངས་སྤུས་ཚད་ཚོད་འཛིན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་ཞིང་མགོ་ཁོངས་གཞི་གྲངས་ངོ་མ་ཡིན་པར་འགན་སྲུང་བྱས་ནས། རྒྱལ་དམངས་དཔལ་འབྱོར་ལ་སྤུས་ཚད་མཐོ་བའི་ཞིབ་བཤེར་ཐེངས་ཤིག་བྱེད་དགོས་ཟེར།

ཧན་ཀྲིན་ཧེ་ཏེན་ཆུའུ་ཀྲུང་ཝན་རྒྱལ་སྤྱིའི་ཐོག་ཁང་གི་འོག་ཏུ་ཡོད་པའི་པོ་མེ་རང་འདེམ་ཚོང་རར་ཕེབས་ཏེ། ཁྱབ་བཤེར་མི་སྣས་སྒེར་གཉེར་ཁྱིམ་ཚང་ལ་ཐོ་འགོད་དང་གཞི་གྲངས་འཚོལ་སྡུད་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད་ཁྱབ་བཤེར་མི་སྣ་དང་ཚོང་བདག་ལ་བརྩེ་བའི་གླེང་མོལ་བྱས། ཁོང་གིས་བསྟན་དོན། ཁྱབ་བཤེར་མི་སྣས་ཁྱོན་ཡོངས་དང་ཞིབ་ཕྲ་སྒོས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པ་དང་རང་རྟོགས་སྒོས་ཡུལ་དངོས་ནས་ཐོ་འགོད་བྱེད་པ་ཚད་ལྡན་ཡིན་དགོས་ལ། ཡུལ་དངོས་ནས་ཐོ་འགོད་བྱེད་པའི་རེ་བ་དང་རྩལ་ནུས་བྱང་ཆུབ་པར་བྱེད་པ་དང་། རང་འགུལ་སྒོས་ཐོབ་ཐང་འཛིན་ཡིག་བསྟན་ནས་ཁྱབ་བཤེར་བྱེད་ཡུལ་ལ་ཡིད་ཆེས་དང་རྒྱབ་སྐྱོར། གཞོགས་འདེགས་བཅས་བྱེད་དུ་འཇུག་དགོས་ཟེར།

ཧན་ཀྲིན་ད་དུང་ཀྲུང་གོ་ཕུའུ་ཐེན་ཆ་འཕྲིན་ཐོན་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་ལ་ཕེབས་ནས་ཁྱབ་བཤེར་གནས་ཚུལ་ལ་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། ཁྱབ་བཤེར་གཞི་གྲངས་ངོ་མ་ཡིན་མིན་དེ་ཁྱབ་བཤེར་བྱ་བ་ཡོངས་འགྲུབ་བྱེད་པར་འབྲེལ་བ་ཆེན་པོ་ཡོད་པས། ཁྱབ་བཤེར་ལས་ཁུངས་དང་ཁྱབ་བཤེར་མི་སྣས་རང་ཚུགས་སྒོས་ཞིབ་བཤེར་དང་རང་ཚུགས་སྒོས་སྙན་ཞུ་བྱེད་པའི་འགན་འཁྲི་ནན་ཏན་སྒོས་ལག་བསྟར་བྱས་ནས། ཁྱབ་བཤེར་གཞི་གྲངས་ལ་བར་ཆད་བཟོ་བའི་བྱ་སྤྱོད་སྣ་ཚོགས་གཏན་འགོག་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།